ཀྲུང་གོ་བོད་ཀྱི་དྲ་བ།

འཕེལ་རྒྱས་དང་བདེ་འཇགས་གཉིས་ཕན་ཚུན་སྤེལ་རེས་བྱེད་པ།

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།     སྤེལ་དུས། : 2021-04-23
ཡིག་གཟུགས། :ཆུང་། འབྲིང་། ཆེ།

“བདེ་བར་སྡོད་དུས་ཉེན་ཁ་མི་བརྗེད་པ་དང་། འཚོ་ཞིང་སྡོད་དུས་འཇིག་པ་མི་བརྗེད་པ། བཅོས་ཤིང་སྐྱོང་དུས་ཟིང་འཁྲུག་མི་བརྗེད་པ”ཞིག་ཡོང་དགོས། དམངས་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་སློབ་གསོའི་ཉིན་མོ་ཐེངས་དྲུག་པ་ཐོན་ལ་ཉེ་སྐབས། ཏང་སྲིད་ལས་ཁུངས་ནས་ཁེ་དོན་ལས་སྡེ་ཁག་གི་བར་དང་། གྲོང་ཁྱེར་ནས་གྲོང་གསེབ་ཀྱི་བར། སྲོལ་རྒྱུན་སྨྱན་བྱད་ནས་སྨྱན་བྱད་གསར་པའི་བར། སློབ་མ་ཁྲི་སྟོང་མང་པོ་མཉམ་དུ་རྒྱལ་ཁབ་བདེ་འཇགས་སློབ་གསོ་སློབ་ཁྲིད་ལ་ཞུགས་པ་ནས་རྒྱལ་ཁབ་བདེ་འཇགས་བཅའ་ཁྲིམས་ཤེས་བྱའི་དྲིས་ལན་འདེབས་པའི་བར། འདར་འགུལ་ཕྱིར་གཏོང་བྱེད་པའི་བརྙན་ཐུང་ནས་ཐང་ཆེན་དུ་སྦྱར་ཡིག་འབོད་ཚིག་སྦྱོར་བའི་བར་བཅས། ཞིང་ཆེན་ཡོངས་ཀྱི་གོང་འོག་ཀུན་ཏུ་ཡང་བསྐྱར་རྒྱལ་ཁབ་བདེ་འཇགས་སློབ་གསོའི་ཚ་རླབས་ཤིག་འཕྱུར་འདུག

རྒྱལ་སྲིད་བརྟན་ན་དམངས་ནི་བདེ། རྒྱལ་ཁབ་བདེ་འཇགས་དང་སྤྱི་ཚོགས་བརྟན་འཇགས་ནི་མི་དམངས་ཀྱི་རྩ་བའི་དགོས་མཁོ་ཡིན་ལ། མི་དམངས་ཀྱི་རྩ་བའི་ཁེ་ཕན་ཡང་ཡིན། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་ནས་བཟུང་། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་རྒྱལ་ཁབ་བདེ་འཇགས་བྱ་བར་ཚད་མཐོན་པོས་གཟིགས་སྐྱོང་དང་། ཀྲུང་དབྱང་རྒྱལ་ཁབ་བདེ་འཇགས་ཨུ་ཡོན་ལྷན་ཁང་བཙུགས་པ་ནས་སྤྱིའི་རྒྱལ་ཁབ་བདེ་འཇགས་ཀྱི་ལྟ་ཚུལ་བཏོན་པའི་བར་དང་། རྒྱལ་ཁབ་བདེ་འཇགས་བཅའ་ཁྲིམས་དང་འབྲེལ་བའི་གཏན་འབེབས་རབ་དང་རིམ་པ་ནས་འཕེལ་རྒྱས་དང་བདེ་འཇགས་ལ་གཅིག་གྱུར་འཆར་འགོད་བྱེད་པ་དེ“ལྔ་བཅུ་བཞི”དུས་སྐབས་ཀྱི་རང་རྒྱལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་མཛུབ་སྟོན་དགོངས་དོན་ནང་བཞག་པའི་བར་དུ། རྒྱལ་ཁབ་བདེ་འཇགས་ཀྱི་གཞུང་ལུགས་རྒྱུན་ཆད་མེད་པར་རྙིང་འདོར་གསར་འབུད་བྱས་པར་མ་ཟད། ལག་ལེན་ལ་མཛུབ་སྟོན་བྱས་ནས། མདུན་སྐྱོད་ཀྱི་ལམ་བུ་སྟེང་ཡང་དང་བསྐྱར་དུ་འཕྲད་པའི་ཉེན་ཁའི་འགྲན་སློང་ཞི་ལྷོད་དུ་བཏང་།

རང་ཞིང་ནི་མི་རིགས་མང་པོ་འདུས་སྡོད་དང་ཆོས་ལུགས་སྣ་མང་མཉམ་གནས་བྱེད་པའི་ཞིང་ཆེན་ཞིག་ཡིན་པས། རྒྱལ་ཁབ་བདེ་འཇགས་ཁྲོད་གོ་གནས་ཧ་ཅང་གལ་ཆེན་ཟིན་ཞིང་། ཆབ་སྲིད་བདེ་འཇགས་དང་སྐྱེ་ཁམས་བདེ་འཇགས། སྐྱེ་དངོས་བདེ་འཇགས་བཅས་སྲུང་སྐྱོང་བྱེད་པའི་ལས་འགན་དང་འགན་འཁྲི་ཧ་ཅང་ལྕི། བདེ་འཇགས་ནི་འཕེལ་རྒྱས་ཀྱི་སྔོན་འགྲོའི་ཆ་རྐྱེན་ཡིན་ལ། འཕེལ་རྒྱས་ནི་བདེ་འཇགས་ཀྱི་འགན་སྲུང་ཡིན། བརྟན་འཇགས་ཀྱི་ནང་གི་ཁོར་ཡུག་དང་ཞི་བདེ་ཡི་ཕྱིའི་ཁོར་ཡུག་ཅིག་མེད་ཚེ། འཕེལ་རྒྱས་ཟེར་བ་དེ་གླེང་ཐབས་མེད་པ་ཞིག་རེད། ཆབ་སྲིད་བདེ་འཇགས་དང་སྲིད་དབང་བདེ་འཇགས་སོགས་སྲོལ་རྒྱུན་གྱི་བདེ་འཇགས་གནད་དོན་དང་། ཡང་ན་སྐྱེ་ཁམས་བདེ་འཇགས་དང་སྐྱེ་དངོས་བདེ་འཇགས་སོགས་སྲོལ་རྒྱུན་མིན་པའི་བདེ་འཇགས་གནད་དོན་གང་ཡིན་རུང་། གལ་སྲིད་ཉེན་ཁ་ཆེན་པོ་བྱུང་ཚེ། འཕེལ་རྒྱས་ལ་ངེས་པར་དུ་ཤུགས་རྐྱེན་ཐེབས་སྲིད། དེ་བས། ང་ཚོས་ངེས་པར་དུ་སྤྱི་པའི་རྒྱལ་ཁབ་བདེ་འཇགས་ལྟ་ཚུལ་རྒྱུན་འཛིན་དང་། འཕེལ་རྒྱས་དང་བདེ་འཇགས་གཅིག་གྱུར་འཆར་འགོད་བྱེད་པ། སྲོལ་རྒྱུན་བདེ་འཇགས་དང་སྲོལ་རྒྱུན་མིན་པའི་བདེ་འཇགས་གཅིག་གྱུར་འཆར་འགོད་བྱེད་པ་བཅས་ཀྱིས། “ངང་བ་ནག་པོ”ཡི་ལག་ལེན་ལ་ཚད་མཐོན་པོས་དོགས་ཟོན་བྱེད་པར་མ་ཟད། “བསེ་རུ”ཡི་དོན་རྐྱེན་ལ་ཡང་དོགས་ཟོན་བྱེད་དགོས། ཉེན་ཁར་དོགས་ཟོན་བྱེད་པའི་ལག་སྔ་དགོས་ལ། ཉེན་ཁའི་འགྲན་སློང་ལ་ཁ་གཏད་འཇལ་བ་དང་དཀའ་ངལ་སེལ་བའི་ཐབས་མཆོག་ཀྱང་ཡོད་དགོས། ཉེན་ཁར་དོགས་ཟོན་དང་འགོག་སྲུང་བྱེད་པའི་གྲ་སྒྲིག་དམག་འཁྲུག་ལེགས་པོར་རྒྱག་དགོས་ལ། ཉེན་སེལ་བདེ་སྒྱུར་དང་ཉེན་ཁ་ནས་བདེ་བར་འགྱུར་བའི་འཐབ་ཇུས་རང་འགུལ་དམག་འཁྲུག་ཀྱང་ལེགས་པོར་རྒྱག་དགོས། བདེ་འཇགས་ཆེན་མོའི་བཀོད་སྟངས་གསར་སྐྲུན་དང་། འཕེལ་རྒྱས་གྲུབ་འབྲས་བེད་སྤྱད་ནས་རྒྱལ་ཁབ་བདེ་འཇགས་ཀྱི་དངོས་ཤུགས་རྨང་གཞི་བརྟན་པོར་བཏང་སྟེ། སྤྱི་ཚོགས་འཕེལ་རྒྱས་ལ་ཕན་པའི་བདེ་འཇགས་ཁོར་ཡུག་ཅིག་བསྐྲུན་དགོས།

རྒྱལ་ཁབ་བདེ་འཇགས་ནི་ནམ་ཡང་མང་ཚོགས་ཀྱི་ཆེས“བརྟན”པའི་བདེ་སྐྱིད་ཡིན། རྒྱལ་ཁབ་ཇི་ལྟར་བདེ་འཇགས་ཡིན་ན། མི་དམངས་ལ་དེ་ལྟར་བདེ་འཇགས་ཀྱི་བསམ་པ་ལྡན་ལ། མི་དམངས་ལ་ཇི་ལྟར་བདེ་འཇགས་ཀྱི་འདུ་ཤེས་ལྡན་ན། རྒྱལ་ཁབ་ཀྱི་བདེ་འཇགས་ཀྱང་དེ་བས་བརྟན། དམངས་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་སློབ་གསོའི་ཉིན་མོ་དེ་གོ་སྐབས་ཤིག་ཏུ་བཟུང་སྟེ། མི་དམངས་ཀྱི་རྒྱལ་ཁབ་བདེ་འཇགས་འདུ་ཤེས་དངོས་གནས་ཇེ་དྲག་དང་། འཕེལ་རྒྱས་དང་བདེ་འཇགས་གཉིས་ཕན་ཚུན་སྤེལ་རེས་བྱེད་ཅིང་། ང་ཚོས་ངེས་པར་དུས་རབས་གསར་པའི་རྒྱལ་ཁབ་བདེ་འཇགས་ཀྱི་མི་དམངས་འགོག་སྲུང་ར་བ་བསྐྲུན་ཏེ། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་འདུན་མ་མངོན་འགྱུར་འབྱུང་བར་བདེ་འཇགས་ཀྱི་ཁག་ཐེག་བརྟན་པོ་ཞིག་མཁོ་འདོན་བྱེད་དགོས། །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།