ལིས་ཁི་ཆང་གིས་མགོ་འཛིན་མཛད་དེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་བསྡུས།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཟླ་བཞི་པའི་ཚེས་ཉེར་གཅིག་ཉིན་མགོ་འཛིན་མཛད་དེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་བསྡུས་ནས། གོ་རིམ་རྗེས་མར་རྒྱུན་རྣམ་ཅན་གྱི་ནོར་སྲིད་མ་དངུལ་ཐད་སྟེར་རྐྱེན་སྲོལ་ལག་བསྟར་བྱས་ཏེ། ནོར་སྲིད་མ་དངུལ་གྱིས་ཁེ་ལས་དང་མང་ཚོགས་ལ་ཁེ་ཕན་བསྐྲུན་པའི་ནུས་པ་སྔར་ལས་འདོན་སྤེལ་བྱེད་པར་བཀོད་སྒྲིག་བྱས་པ་དང་། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ས་ཞིང་དོ་དམ་བཅའ་ཁྲིམས་ལག་བསྟར་སྲོལ་ཡིག་གི་བཟོ་བཅོས་འཆར་ཟིན་ལ་གྲོས་འཆམ་བྱུང་། 

གྲོས་ཚོགས་ནས་བསྟན་དོན། ནོར་སྲིད་མ་དངུལ་ཐད་སྟེར་རྐྱེན་སྲོལ་ལག་བསྟར་བྱེད་པ་ནི་ཆེ་མཐོང་སྙོམས་སྒྲིག་ཚོད་འཛིན་གྱི་བྱེད་ཐབས་གལ་ཆེན་ཞིག་ཡིན་ཞིང་། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀོད་སྒྲིག་ལྟར་དུ། ན་ནིང་ཀྲུང་དབྱང་ནོར་སྲིད་ཀྱིས་ཐད་སྟེར་མ་དངུལ་ཁྲག་ཁྲིག་ཆེན་མོ་གཅིག་དང་ཁྲག་ཁྲིག་བདུན་བྱིན་ནས། གྲོང་ཁྱེར་དང་རྫོང་སོགས་གཞི་རིམ་དུ་དཔྱ་ཁྲལ་ཇེ་ཉུང་དུ་གཏོང་བའི་ཐད་ནུས་པ་ཆེན་པོ་བཏོན་ཏེ། དཔལ་འབྱོར་གྱི་རྨང་གཞི་གཏན་འཇགས་ཡོང་བར་གཞོགས་འདེགས་གལ་ཆེན་འདོན་སྤྲོད་བྱས། སྲིད་གཞུང་བྱ་བའི་སྙན་ཞུའི་རེ་བ་ལྟར་ན། ད་ལོར་ཐད་སྟེར་རྐྱེན་སྲོལ་རྒྱུན་རྣམ་ཅན་དུ་གཏོང་རྒྱུ་ཡིན་པ་དང་། ད་ལོའི་ཐད་སྟེར་མ་དངུལ་གཙོ་བོ་གསོག་འཇོག་མ་དངུལ་ཡིན་པ་རེད། བཅོས་བསྒྱུར་ལ་བརྟེན་ནས་མ་དངུལ་བགོ་བཤའི་ཁེ་ཕན་རྣམ་པ་ལེགས་སྒྲིག་བྱས་ཏེ། ཀྲུང་དབྱང་ནོར་སྲིད་ཀྱི་དམངས་འཚོའི་ཁ་གསབ་མ་དངུལ་ཚང་མ་ཐད་སྟེར་ཁྱབ་ཁོངས་སུ་འཇོག་དགོས་ལ། མ་དངུལ་སྤྱི་གྲངས་ཁྲག་ཁྲིག་ཆེན་མོ་གཉིས་དང་ཁྲག་ཁྲིག་བརྒྱད་ལ་བསླེབ་ཡོད། མིག་སྔར་ཁྲག་ཁྲིག་ཆེན་མོ་གཉིས་དང་ཁྲག་ཁྲིག་དྲུག་བྱིན་ཡོད། གོམ་རིམ་རྗེས་མར་གཅིག་ནས་དཔལ་འབྱོར་གཏན་འཇགས་ཁྲོད་ནས་སྲ་བརྟན་དུ་འགྲོ་བར་སྐུལ་འདེད་བཏང་སྟེ། ཐད་སྟེར་མ་དངུལ་དེ་དུས་རིམ་རང་བཞིན་གྱི་སྲིད་ཇུས་སྐོར་ཞིག་གི་ཤུགས་རྐྱེན་ཞི་འཇགས་སུ་གཏོང་བའི་བྱེད་ཐབས་གལ་ཆེན་དུ་བརྩིས་ནས། མུ་མཐུད་དུ་ལས་ཞུགས་འགན་སྲུང་དང་དམངས་འཚོའི་འགན་སྲུང་། ཚོང་ར་གཙོ་བོའི་འགན་སྲུང་བཅས་ལ་རྒྱབ་སྐྱོར་བྱེད་པའི་ཐད་བཀོལ་དགོས་པ་དང་། མ་དངུལ་གྱི་རྒྱུན་དེ་མང་ཚོགས་ཀྱི་རེ་བ་དང་ཁེ་ལས་ཀྱི་རེ་བ་བྱེད་པའི་ཁྱབ་ཁོངས་དང་གཞི་རིམ་གྱི་ཟླ་ཕོགས་ལ་འགན་སྲུང་བྱེད་པའི་ཐད་བཀོལ་དགོས་པར་མ་ཟད། འོས་འགན་སློབ་གསོ་དང་གཞི་རྩའི་སྨན་བཅོས། གཞི་རྩའི་སྡོད་ཁང་སོགས་གཞི་རྩའི་དམངས་འཚོའི་དངུལ་གཏོང་ཇེ་མང་དུ་གཏོང་དགོས། གཉིས་ནས་ས་ཁུལ་སོ་སོས་ཀྲུང་དབྱང་གི་ཐད་སྟེར་མ་དངུལ་གྱི་རྨང་གཞིའི་སྟེང་ས་གནས་ནོར་སྲིད་གྱི་ཐད་སྟེར་ཁྱབ་ཁོངས་རྒྱ་བསྐྱེད་པར་ཁྲིད་སྟོན་བྱེད་དགོས། གསུམ་ནས་ཐད་སྟེར་མ་དངུལ་ལ་ལྟ་རྟོག་དོ་དམ་ནན་མོ་བྱེད་དགོས་ཟེར། 

གྲོས་ཚོགས་ནས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ས་ཞིང་དོ་དམ་བཅའ་ཁྲིམས་ལག་བསྟར་སྲོལ་ཡིག་གི་བཟོ་བཅོས་འཆར་ཟིན་ལ་གྲོས་འཆམ་བྱུང་། འཆར་ཟིན་ལས་རྨོ་ཞིང་དང་ཁྱད་པར་དུ་དུས་གཏན་གྱི་ཞིང་སའི་དོ་དམ་སྲུང་སྐྱོབ་ལ་ཤུགས་སྣོན་བྱེད་པ་དང་། རྨོ་ཞིང་གི་མ་མཐའི་སྲུང་སྐྱོབ་ཚད་ཐིག་གཏན་སྲུང་བྱེད་དགོས་ལ། ཞིང་བཀོལ་ས་ཞིང་དང་ཁྱད་པར་རྨོ་ཞིང་དེ་འཛུགས་སྐྲུན་བྱེད་སར་བསྒྱུར་བར་ཚོད་འཛིན་ནན་མོ་བྱེད་པའི་ཞོར་དུ། སྔར་ལས་ལྷག་པའི་སྒོ་ནས་རྨོ་ཞིང་དེ་ནགས་ས་དང་རྩྭ་སར་བསྒྱུར་བར་ཚོད་འཛིན་ནན་མོ་བྱེད་བྱས་ཏེ། རྨོ་ཞིང་གི་བདག་བཟུང་དང་ཁ་གསབ་དོ་མཉམ་ཡོང་བའི་ལམ་ལུགས་ལག་བསྟར་ནན་མོ་བྱས་ཡོད། འཆར་ཟིན་ལས་ས་ཞིང་ཕྱིར་བསྡུའི་ལས་རིམ་ཞིབ་རྒྱས་སུ་བཏང་བ་དང་། ཕྱིར་བསྡུའི་ཁ་གསབ་ཚད་ལྡན་དུ་བཏང་སྟེ། ས་ཞིང་ཕྱིར་བསྡུས་པའི་ཞིང་བའི་གནས་ཚུལ་ཤེས་དབང་དང་ཟབ་ཞུགས་དབང་ཆ། ལྟ་རྟོག་དབང་ཆ་བཅས་ལ་འགན་སྲུང་བྱས་ཡོད། འཆར་ཟིན་ལས་ཞིང་བའི་ལུགས་མཐུན་ཁྱིམ་གཞིས་ཀྱི་དགོས་མཁོར་འགན་སྲུང་བྱེད་པ་དང་ཞིང་བའི་ཁྲིམས་ལྟར་ཁྱིམ་གཞིས་ཀྱི་ཁེ་དབང་ལེན་པར་འགན་སྲུང་གསལ་བོ་བྱས་ཡོད། འཆར་ཟིན་ལས་ད་རུང་ས་ཞིང་ལྟ་ཞིབ་ལམ་ལུགས་ཇེ་ཞིབ་ཏུ་བཏང་སྟེ། རྨོ་ཞིང་ལ་གཏོར་བརླག་བྱེད་པ་དང་ཁྲིམས་འགལ་གྱིས་ས་ཞིང་བཙན་བཟུང་བྱེད་པ་སོགས་ཁྲིམས་འགལ་བྱ་སྤྱོད་ལ་ཆད་གཅོད་གཏོང་བའི་ཤུགས་ཚད་ཇེ་ཆེར་བཏང་ནས། རྨོ་ཞིང་འབྲུ་རིགས་འདེབས་པ་མ་ཡིན་པའི་ཕྱོགས་སུ་བཀོལ་བར་ཆད་གཅོད་གཏོང་བའི་གཏན་འཁེལ་ཇེ་དྲག་ཏུ་བཏང་ཡོད། 

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།

དཔྱད་མཆན 0 ཡོད།