ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས་སོ་ཏི་ཨ་རོབ་རྒྱལ་རྒྱུད་མུའུ་ཧན་མུའུ་ཏི་ལ་ཁ་པར་བཏང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-04-21
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཟླ་བཞི་བའི་ཚེས་ཉི་ཤུ་ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་སོ་ཏི་ཨ་རོབ་རྒྱལ་རྒྱུད་མུའུ་ཧན་མུའུ་ཏི་ལ་ཁ་པར་བཏང་།

ཞི་ཅིན་ཕིང་གིས་ཐོག་མར་མུའུ་ཧན་མུའུ་ཏི་བརྒྱུད་དེ་རྒྱལ་བོ་སཱ་ལེ་མན་ལ་འཚམས་འདྲི་ཞུས། ཞི་ཅིན་ཕིང་གིས་གསུངས་རྒྱུར། ཀྲུང་གོ་དང་སོ་ཏི་ཨ་རོབ་ནི་ཁྱོན་ཡོངས་འཐབ་ཇུས་གྲོགས་པོ་ཡིན་པ་དང་མཉམ་ལས་ཀྱི་གྲོགས་པོ་གཙོ་བོ་ཡང་ཡིན། ཉེ་བའི་ལོ་འགའི་རིང་ལ། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་ཁྱོན་ཡོངས་ནས་འཕེལ་རྒྱས་སུ་སོང་ཞིང་ཆབ་སྲིད་ཡིད་ཆེས་རྒྱུན་མཐུད་སྒོས་ཇེ་བརྟན་དུ་གྱུར་བ་དང་། ཁྱབ་ཁོངས་སོ་སོའི་མཉམ་ལས་སྔར་ལས་རྒྱ་སྐྱེད་པས། ཕན་ཚུན་ལ་ཡིད་ཆེས་དང་གཉིས་ཕན་མཉམ་རྒྱལ། མཉམ་དུ་འཕེལ་རྒྱས་སུ་འགྲོ་བའི་གྲོགས་པོ་བཟང་བོ་དང་སྤུན་ཟླ་བཟང་བོ་རུ་གྱུར། ཀྲུང་གོ་ཕྱོགས་ཀྱིས་འཐབ་ཇུས་ཀྱི་མཐོ་ཚད་དང་རྒྱང་རིང་ལ་དམིགས་ཏེ་སོ་ཏི་ཨ་རོབ་བར་གྱི་འབྲེལ་བར་ལྟ་ཚུལ་ཡང་དག་པ་འཛིན་ཞིང་སོ་ཏི་ཨ་རོབ་ཀྱི་བདག་དབང་དང་འཕེལ་རྒྱས་བགྲོད་ལམ་ལ་བརྩིན་འཇོག་བྱེད་པ་ཡིན། ཀྲུང་གོ་ཕྱོགས་ཀྱིས་སོ་ཏི་ཨ་རོབ་ཕྱོགས་དང་མཉམ་དུ་ནུས་ཁོངས་དང་དཔལ་འབྱོར་ཉོ་ཚོང་། ཆེས་མཐོའི་ལག་རྩལ་སོགས་ཁྱབ་ཁོངས་སུ་ཕྱོགས་ཡོངས་དང་ཆུ་ཚད་མཐོ་བའི་མཉམ་ལས་རྣམ་པ་གསར་སྐྲུན་བྱེད་པ་དང་། རྒྱལ་སྤྱི་དང་ས་གནས་ཀྱི་ལས་དོན་ཁྲོད་དུ་གཞོགས་འདེགས་དང་མཐུན་སྦྱོར་དམ་པོ་བྱས་ནས། ཀྲུང་གོ་དང་སོ་ཏི་ཨ་རོབ་བར་གྱི་ཁྱོན་ཡོངས་འཐབ་ཇུས་གྲོགས་པོའི་འབྲེལ་བ་སྔར་ལས་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་འདོད་ཡོད་ཟེར།

མུའུ་ཧན་མུའུ་ཏི་ཡིས་རྒྱལ་བོ་སཱ་ལེ་མན་གྱིས་ཀྲུའུ་ཞི་ཞི་ཅིན་ཕིང་ལ་ལྷག་བསམ་རྣམ་དག་སྒོས་འཚམས་འདྲི་དང་སྨོན་འདུན་བཟང་བོ་ཞུས་པ་བརྒྱུད་སྒྲོག་བྱས། མུའུ་ཧན་མུའུ་ཏི་ཡིས་བཤད་དོན། ཀྲུང་གོ་ནི་སོ་ཏི་ཨ་རོབ་ཀྱིས་ཡིད་རྟོན་རུང་བའི་སྤུན་ཟླ་བཟང་བོ་དང་འཐབ་ཇུས་གྲོགས་པོ་གཙོ་བོ་ཡིན་ལ། སོ་ཏི་ཨ་རོབ་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་མཛའ་བཤེས་ཇེ་ཟབ་དང་ཡིད་ཆེས་ཇེ་བརྟན་དུ་གཏོང་བ་དང་། ནུས་ཁོངས་དང་དཔལ་འབྱོར་ཉོ་ཚོང་སོགས་ཁྱབ་ཁོངས་ཀྱི་གཉིས་ཕན་མཉམ་ལས་རྒྱ་བསྐྱེད་ཅིང་། སོ་ཏི་ཨ་རོབ་ཀྱི་ཉིས་སྟོང་སུམ་ཅུ་ལོའི་རེ་འདུན་དང་རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་གྱི་གྲོས་མགོ་བཏོན་པའི་འཐབ་ཇུས་འབྲེལ་མཐུད་ལ་སྐུལ་འདེད་བཏང་ནས། སོ་ཏི་ཨ་རོབ་དང་ཀྲུང་གོའི་ཁྱོན་ཡོངས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བ་སྔར་ལས་ཇེ་བཟང་དུ་གཏོང་འདོད་ཡོད་ཟེར།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།