ཀྲུང་གོ་བོད་ཀྱི་དྲ་བ།

ཧན་ཀྲིན་གྱིས་ཨ་མེ་རི་ཁའི་ཙུང་ཐུང་གི་ནམ་ཟླའི་གནད་དོན་གྱི་ཆེད་མངག་ཕོ་ཉ་ཁི་ལིས་ལ་མཇལ་འཕྲད་གནང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-04-18
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཟླ་བཞི་བའི་ཚེས་བཅུ་དྲུག་ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཧན་ཀྲིན་གྱིས་པེ་ཅིང་ནས་བརྙན་རིས་བརྒྱུད་དེ་རང་རྒྱལ་ལ་འཚམས་འདྲིར་ཡོང་བའི་ཨ་མེ་རི་ཁའི་ཙུང་ཐུང་གི་ནམ་ཟླའི་གནད་དོན་གྱི་ཆེད་མངག་ཕོ་ཉ་ཁི་ལིས་ལ་མཇལ་འཕྲད་གནང་།

ཧན་ཀྲིན་གྱིས་གསུངས་རྒྱུར། ནམ་ཟླའི་འགྱུར་ལྡོག་དེ་མིའི་རིགས་ཡོངས་ཀྱི་བདེ་སྐྱིད་ལ་འབྲེལ་བ་དམ་པོ་ཡོད། ཀྲུང་གོས་ཧུར་ཐག་སྒོས་ནམ་ཟླའི་འགྱུར་ལྡོག་ལ་ཁ་གཏད་འཇལ་བའི་རྒྱལ་ཁབ་ཀྱི་འཐབ་ཇུས་ལག་བསྟར་བྱེད་པ་ནི་འཛམ་གླིང་ཡོངས་ཀྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ཁྲོད་ཞུགས་མཁན་དང་དེ་ལ་བྱས་རྗེས་འཇོག་མཁན་དང་སྣེ་ཁྲིད་མཁན་གཙོ་བོ་ཡིན། ན་ནིང་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུང་གོས་ཉིས་སྟོང་སུམ་ཅུ་ལོའི་སྔོན་ལ་དབྱང་གཉིས་ཐཱན་འགྱུར་ཕྱིར་གཏོང་ཚད་ཆེས་མཐོ་སར་སླེབ་ཏུ་འཇུག་པ་དང་ཉིས་སྟོང་དྲུག་ཅུ་ལོའི་སྔོན་ལ་ཐཱན་སྙོམས་སྦྱོར་མངོན་འགྱུར་བྱེད་པ་དང་དེ་མིན་རྒྱལ་ཁབ་ཀྱི་རང་བདག་བྱས་རྗེས་ཤུགས་ཚད་མཐོར་འདེགས་སུ་གཏོང་བར་བརྩོན་ལེན་བྱེད་པའི་བྱེད་ཐབས་ཁྱབ་སྒྲོག་བྱས། ཀྲུང་གོས་ནམ་ཟླའི་འགྱུར་ལྡོག་ལ་ཁ་གཏད་འཇལ་བའི་སྤྱོད་ཚུལ་ལ་འགྱུར་བ་མེད་པ་དང་འགུལ་སྐྱོད་ལ་ནུས་པ་ལྡན། ང་ཚོས་ཏན་ཏན་ཏིག་ཏིག་སྒོས་དམིགས་འབེན་དེ་དག་མངོན་འགྱུར་བྱེད་ངེས་ཡིན་ཟེར།

ཧན་ཀྲིན་གྱིས་བསྟན་དོན། ཀྲུང་གོ་དང་ཨ་མེ་རི་ཁ་ནི་འཛམ་གླིང་སྟེང་དུ་ཆེས་ཆེ་བའི་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་དང་ཆེས་དར་རྒྱས་ཆེ་བའི་རྒྱལ་ཁབ་ཡིན་པས། ནམ་ཟླའི་འགྱུར་ལྡོག་ལ་ཁ་གཏད་འཇལ་བའི་ཕྱོགས་སུ་ཐུན་མོང་གི་ཁེ་ཕན་མང་པོ་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཨ་མེ་རི་ཁ་ཕྱོགས་དང་མཉམ་དུ་ནམ་ཟླའི་འགྱུར་ལྡོག་ལ་ཁ་གཏད་འཇལ་བའི་གྲོས་མོལ་མཉམ་ལས་བྱེད་པར་ཧ་ཅང་མཐོང་ཆེན་བྱེད་ཀྱིན་ཡོད་ལ། ཨ་མེ་རི་ཁ་ཕྱོགས་ཀྱིས་པ་ལིས་གྲོས་མཐུན་སྲུང་སྐྱོབ་བྱེད་པར་རེ་སྒུག་བྱས་ཡོད་པ་དང་། འཁུར་དགོས་པའི་འགན་འཁྲི་དང་ལེན་དང་བྱས་རྗེས་ཆེན་པོ་འཇོག་དགོས། ཀྲུང་གོ་ཕྱོགས་ཀྱིས་ཨ་མེ་རི་ཁ་ཕྱོགས་དང་མཉམ་དུ་རང་རང་གི་ཁྱད་སྟོབས་འདོན་སྤེལ་གང་ལེགས་བྱས་ཏེ་གྲོས་མོལ་མཉམ་ལས་སྲུང་འཛིན་བྱེད་པར་མ་ཟད་ཕྱོགས་སོ་སོ་དང་མཉམ་དུ་པ་ལིས་གྲོས་མཐུན་དངོས་འབེབས་བྱེད་པར་མཉམ་དུ་སྐུལ་འདེད་གཏོང་འདོད་ཡོད་ཟེར།

ཁི་ལིས་ཀྱིས་བཤད་དོན། ནམ་ཟླའི་འགྱུར་ལྡོག་ལ་ཁ་གཏད་འཇལ་རྒྱུ་དེ་འཛམ་གླིང་རང་བཞིན་གྱི་འགྲན་རྩོད་ཅིག་ཡིན་པ་དང་ཨ་མེ་རི་ཁ་དང་ཀྲུང་གོའི་མཉམ་ལས་ལ་འབྲེལ་བ་དམ་པོ་ཡོད། ཀྲུང་གོ་ཕྱོགས་ཀྱིས་ནམ་ཟླའི་འགྱུར་ལྡོག་ལ་ཁ་གཏད་འཇལ་བའི་ཐད་ལ་བྱས་རྗེས་ཆེན་པོ་བཞག ཨ་མེ་རི་ཁ་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་འབྲེལ་འདྲིས་དམ་པོ་བྱས་ཏེ། མཉམ་ལས་རྒྱ་བསྐྱེད་ཅིང་པ་ལིས་གྲོས་མཐུན་དངོས་འབེབས་བྱེད་པའི་དམིགས་འབེན་དམ་འཛིན་བྱེད་པ་དང་། ནམ་ཟླའི་འགྱུར་ལྡོག་གི་ཉེན་ཁ་ལ་མཉམ་དུ་ཁ་གཏད་འཇལ་བའི་ཐད་ལ་བྱས་རྗེས་ཆེན་པོ་འཇོག་འདོད་ཡོད་ཟེར།  །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།