ཀྲུང་གོ་བོད་ཀྱི་དྲ་བ།

ཝང་དབྱང་གིས་ནང་སོག་རང་སྐྱོང་ལྗོངས་ཀྱི་བྱ་བར་རྟོག་ཞིབ་མཛད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-04-15
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཉེ་ལམ། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་དབྱང་གིས་ནང་སོག་རང་སྐྱོང་ལྗོངས་ཀྱི་བྱ་བར་རྟོག་ཞིབ་མཛད། ཁོང་གིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མི་རིགས་བྱ་བའི་སྐོར་གྱི་རྣམ་བཤད་གལ་ཆེན་དང་ནང་སོག་བྱ་བའི་སྐོར་གྱི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ཆ་ཚང་ཞིང་ཡང་དག་པའི་སྒོ་ནས་རྒྱུས་ལོན་དང་ལག་བསྟར་བྱེད་པ་དང་། དུས་རབས་གསར་བའི་མི་རིགས་བྱ་བའི་ལོ་རྒྱུས་ཁ་ཕྱོགས་གསལ་བོར་ཤེས་པར་བྱེད་པ། ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་ཚོགས་པའི་འདུ་ཤེས་ཇེ་དྲག་ཏུ་གཏོང་བའི་གཙོ་ཐིག་དེ་དང་དམ་པོར་སྦྲེལ་ཏེ། ཡང་དག་པའི་རྒྱལ་ཁབ་ལྟ་བ་དང་ལོ་རྒྱུས་ལྟ་བ། མི་རིགས་ལྟ་བ། རིག་གནས་ལྟ་བ། ཆོས་ལུགས་ལྟ་བ་བཅས་བརྟན་པོར་ཆགས་པར་བྱེད་པ་དང་། ཐུན་མོང་རང་བཞིན་དང་ཁྱད་པར་རང་བཞིན་ལ་ངོས་འཛིན་གསལ་བོ་བྱེད་པ་དང་ཐག་གཅོད་ནན་མོ་བྱེད་དགོས་ལ། མི་རིགས་ཁྱབ་ཁོངས་ཀྱི་གནད་དོན་སྣ་ཚོགས་གཙོར་བཟུང་ནས་ཐག་བཅད་ནས། དཔེ་ལེགས་རང་སྐྱོང་ལྗོངས་ཀྱི་བླ་མེད་གཟི་བརྗིད་མཚན་སྙན་སྲུང་སྐྱོབ་བྱེད་པ་དང་། མི་རིགས་མཐུན་སྒྲིལ་དང་སྤྱི་ཚོགས་བརྟན་འཇགས། མཐའ་མཚམས་བདེ་འཇགས་བཅས་ཀྱི་རྣམ་པ་བཟང་བོ་སྲ་བརྟན་དང་འཕེལ་རྒྱས་སུ་གཏོང་དགོས་ཟེར།

ཚེས་བཅུ་གཉིས་ནས་ཚེས་བཅུ་བཞི་ཉིན་བར། ཝང་དབྱང་གིས་རྟོག་ཞིབ་ཚན་ཁག་ཁྲིད་དེ་ནང་སོག་ལ་ཕེབས་ནས་ཚན་ཆུང་བཞི་རུ་བགར་ཏེ་མཁར་སྔོན་པོ་དང་པོ་ཐིག ཐུང་ལེའོ། ཞི་ལིན་གོ་ལེ་སོགས་ས་ཁུལ་གྱི་ཏང་སྲིད་ལས་ཁུངས་དང་གྲོང་ཁྱེར་གཞིས་ཁུལ། ཞིང་སྡེ་དང་འབྲོག་ཁུལ། རིགས་སོ་སོའི་སློབ་གྲྭ། ཚན་ཞིབ་སྡེ་ཁག རིག་གནས་ལས་ཁུངས་བཅས་ལ་སོང་ནས། རིམ་པ་སོ་སོའི་ལས་བྱེད་པ་དང་ཆེད་མཁས་པ་དང་ཤེས་ཡོན་ཅན། རིགས་སོ་སོའི་མང་ཚོགས་དང་མཉམ་དུ་གླེང་མོལ་བྱས་པར་མ་ཟད་བཞུགས་མོལ་ཚོགས་འདུ་བསྡུས་ཏེ་འབྲེལ་ཡོད་ཕྱོགས་ཀྱི་བསམ་འཆར་དང་གྲོས་གཞི་ལ་ཉན། ཝང་དབྱང་གིས་བསྟན་དོན། རང་རྒྱལ་ནི་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱེད་པའི་གནད་འགག་དུས་སྐབས་སུ་གནས་ཡོད་པ་དང་། དེ་ནི་དུས་རབས་གསར་བའི་མི་རིགས་བྱ་བ་བཟང་བོར་བསྒྲུབ་པའི་རླབས་ཆེན་རྒྱབ་ལྗོངས་ཡིན། ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་ཚོགས་པའི་འདུ་ཤེས་ཇེ་དྲག་ཏུ་གཏོང་བ་ནི་མི་རིགས་བསྐྱར་དར་མངོན་འགྱུར་བྱེད་པའི་རྨང་གཞི་རང་བཞིན་དང་འཐབ་ཇུས་རང་བཞིན་གྱི་བཟོ་སྐྲུན་ཡིན། མི་རིགས་འདུ་ཤེས་དང་ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་ཚོགས་པའི་འདུ་ཤེས་བར་གྱི་འབྲེལ་བ་གསལ་བོར་ཤེས་པར་བྱས་ཏེ། ཀྲུང་ཧྭའི་རིག་གནས་ལ་ཁས་ལེན་ཚད་ཇེ་ཆེར་གཏོང་བའི་རྨང་གཞིའི་སྟེང་། མི་རིགས་སོ་སོའི་རིག་གནས་རྒྱུན་འཛིན་སྲུང་སྐྱོབ་དང་གསར་སྐྲུན་མཉམ་བསྲེས་བྱེད་པར་སྐུལ་འདེད་གཏོང་དགོས། རྒྱལ་ཁབ་སྤྱིར་སྤྱོད་ཀྱི་སྐད་དང་ཡི་གེ་མྱུར་དུ་ཁྱབ་གདལ་དུ་གཏོང་བ་དང་ཏན་ཏན་ཏིག་ཏིག་སྒོས་རྒྱལ་ཁབ་ཀྱི་གཅིག་གྱུར་རྩོམ་སྒྲིག་བསླབ་གཞིའི་བཀོལ་སྤྱོད་བྱ་བ་བཟང་བོར་བསྒྲུབ་ནས། རིགས་སོ་སོའི་མང་ཚོགས་ལ་ཚན་རིག་རིག་གནས་ཤེས་བྱ་དང་ལེན་བྱེད་དུ་འཇུག་པ་དང་ལས་ཞུགས་ནུས་པ་དང་དེང་རབས་སྤྱི་ཚོགས་སུ་ཞུགས་པའི་ནུས་པ་མཐོར་འདེགས་སུ་གཏོང་དགོས་ཟེར། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།