ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ཁྲིམས་འཛིན་ཞིབ་བཤེར་ཚན་ཁག་གིས་ཧྲན་ཞི་ཞིང་ཆེན་དུ་སྲ་གཟུགས་བེད་མེད་དངོས་པོའི་བཙོག་འགྱུར་ཁོར་ཡུག་འགོག་བཅོས་བཅའ་ཁྲིམས་ལག་བསྟར་བྱེད་པའི་གནས་ཚུལ་ལ་ཞིབ་བཤེར་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-04-14
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ་བཞི་པའི་ཚེས་དགུ་ནས་ཚེས་བཅུ་གསུམ་ཉིན་བར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ལིས་ཀྲན་ཧྲུའུ་ཡིས་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ཁྲིམས་འཛིན་ཞིབ་བཤེར་ཚན་ཁག་ཁྲིད་དེ་ཧྲན་ཞི་ཞིང་ཆེན་དུ་སྲ་གཟུགས་བེད་མེད་དངོས་པོའི་བཙོག་འགྱུར་ཁོར་ཡུག་འགོག་བཅོས་བཅའ་ཁྲིམས་ལག་བསྟར་བྱེད་པའི་གནས་ཚུལ་ལ་ཞིབ་བཤེར་བྱས། ཁོང་གིས་བསྟན་དོན། ཞི་ཅིང་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པ་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྲ་གཟུགས་བེད་མེད་དངོས་པོའི་བཙོག་འགྱུར་འགོག་བཅོས་ཐད་ལ་གནང་བའི་མཛུབ་སྟོན་གལ་ཆེན་གྱི་བླང་བྱ་སློབ་སྦྱོང་དཔྱིས་ཕྱིན་པ་དང་ལག་བསྟར་ནན་མོ་བྱས་ཏེ། གཟབ་ནན་དང་ཁྱོན་ཡོངས་ནས་བཅའ་ཁྲིམས་དེ་ལག་བསྟར་བཟང་བོ་བྱེད་པ་དང་། བཅའ་ཁྲིམས་ལས་གཏན་འཁེལ་བྱས་པའི་དོན་ཚན་རེ་རེ་རིམ་བཞིན་དོན་ཐོག་ཏུ་འཁྱོལ་བར་བྱེད་དགོས་ལ། སྲ་གཟུགས་བེད་མེད་དངོས་པོས་གནོད་མི་སྐྱེལ་བ་དང་ཐོན་ཁུངས་ཅན་གྱི་བཀོལ་སྤྱོད་མངོན་འགྱུར་བྱས་ནས། གནོད་པ་སེལ་ཞིང་ཁེ་ཕན་ཐོབ་པར་བྱེད་དགོས་ཟེར།

ཞིབ་བཤེར་ཚན་ཁག་སྔ་གཞུག་ཏུ་ཡུས་ལིན་དང་ཡན་ཨན། ཧན་ཀྲུང་། ཞི་ཨན་སོགས་ཀྱི་ཁེ་ལས་ཀྱི་འཁོར་ཁང་དང་འཛུགས་སྐྲུན་ཡུལ་དངོས། ལྗང་སྒྱུར་བཟོ་སྐྲུན་ལག་བསྟར་བྱེད་ཡུལ་བཅས་སུ་སོང་སྟེ་བཟོ་ལས་ཀྱི་བེད་མེད་དངོས་པོ་ཐག་གཅོད་པ་དང་འཁོར་སྐྱོད་བཀོལ་སྤྱོད་བྱེད་པ། བཟོ་སྐྲུན་གད་སྙིགས་དང་འཚོ་བའི་གད་སྙིགས་ཕྱིར་བསྡུ་ཐག་གཅོད་སོགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་ཟབ་མོ་བྱས། ལིས་ཀྲན་ཧྲུའུ་ཡིས་མགོ་འཛིན་མཛད་དེ་བཞུགས་མོལ་ཚོགས་འདུ་བསྡུས་ནས། འབྲེལ་ཡོད་གནས་ཚུལ་ཡར་ཞུ་དང་བསམ་འཆར་དང་གྲོས་གཞི་བཏོན་པར་ཉན། ཁོང་གིས་བསྟན་དོན། ཧྲན་ཞི་ཞིང་ཆེན་གྱིས་སྲ་གཟུགས་བེད་མེད་དངོས་པོའི་བཙོག་འགྱུར་ཁོར་ཡུག་འགོག་བཅོས་བཅའ་ཁྲིམས་ལ་ནན་ཏན་སྒོས་སློབ་སྦྱོང་དང་དེ་དྲིལ་སྒྲོག་དང་ལག་བསྟར་བྱས་ནས། ཕན་འབྲས་བཟང་བོ་ལེན་དགོས་པ་དང་། ཁྲིམས་སྐྱོང་ཞིབ་བཤེར་བྱས་པ་བརྒྱུད་ནས་འགོག་བཅོས་བྱ་བ་སྔར་ལས་བཟང་བོར་བསྒྲུབ་པར་སྐུལ་འདེད་གཏོང་དགོས་ཟེར།

ཧྲན་ཞི་རུ་ཞིབ་བཤེར་བྱེད་སྐབས། ལིས་ཀྲན་ཧྲུའུ་ཡིས་ཏང་གི་ཚོགས་ཆེན་ཐེངས་བདུན་པའི་ཚོགས་གནས་དང་ཀྲུང་གུང་ཀྲུང་དབྱང་ནུབ་བྱང་ཅུའུ་ཡི་གནས་རྙིང་སོགས་གསར་བརྗེ་དྲན་གསོའི་ས་ཁུལ་ལ་མཇལ་བར་མ་ཟད། རྒྱུན་འཁྱོངས་ལྷོད་མེད་སྒོས་ཡན་ཨན་སྙིང་སྟོབས་ལ་བརྟེན་ནས་རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པར་སློབ་གསོ་གཏོང་བ་དང་། དམར་དམག་ཐོན་ཁུངས་ཀྱི་དམིགས་བསལ་ཁྱད་སྟོབས་འདོན་སྤེལ་གང་ལེགས་བྱེད་དགོས་ལ། ཏང་གི་ལོ་རྒྱུས་ཀྱི་སློབ་སྦྱོང་སློབ་གསོ་དཔྱིས་ཕྱིན་པར་སྤེལ་བ་དང་། དམར་དམག་རིག་གནས་རྒྱུན་འཛིན་བྱས་ནས་སློབ་སྦྱོང་སློབ་གསོའི་གྲུབ་འབྲས་དེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་སྒུལ་ཤུགས་ཆེན་པོ་རུ་འགྱུར་བར་བྱེད་དགོས་ཞེས་ནན་གྱིས་བསྟན།

ལིས་ཀྲན་ཧྲུའུ་ད་དུང་ཞིང་ཆེན་དམངས་ཆེན་ལས་ཁུངས་སུ་ཕེབས་པར་མ་ཟད་མགོ་འཛིན་མཛད་དེ་བཞུགས་མོལ་ཚོགས་འདུ་བསྡུས་ནས། རིམ་པ་ལྔའི་དམངས་ཆེན་འཐུས་མིས་དུས་རབས་གསར་བའི་དམངས་ཆེན་བྱ་བར་ཤུགས་སྣོན་དང་ལེགས་སྒྱུར་བྱེད་པའི་ཐད་ལ་བཏོན་པའི་བསམ་འཆར་དང་གྲོས་གཞི་ལ་ཉན།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།