ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་དབྱང་སྐོར་ཞིབ་ཚན་ཆུང་གི་ཙུའུ་ཀྲང་གཞོན་པ་ཟུར་བ་ཏུང་ཧུང་གིས་སྒྲིག་འགལ་ཁྲིམས་འགལ་ཚབས་ཆེན་བྱས་པས་ཏང་ནང་ནས་ཕུད་པ།

ཡོང་ཁུངས། : མི་དམངས་དྲ་བ།   རྩོམ་པ་པོ། : རིག་འཛིན་ལྷ་མོས་བསྒྱུར།   སྤེལ་དུས། : 2021-04-13
ཡིག་གཟུགས། :ཆུང་། འབྲིང་། ཆེ།

མི་དམངས་དྲ་བའི་གློག་འཕྲིན་ལྟར།  ཀྲུང་དབྱང་སྒྲིག་ཨུའི་རྒྱལ་ཁབ་ལྟ་ཞིབ་ཨུ་ལྷན་གྱི་དྲ་ཚིགས་ཐོག་ཚེས12ཉིན་སྤེལ་བའི་གནས་ཚུལ་ལྟར་ན། ཉེ་སྔོན། ཀྲུང་གུང་ཀྲུང་དབྱང་གི་ཆོག་མཆན་ཐོབ་པ་བརྒྱུད་ཀྲུང་དབྱང་སྒྲིག་ཨུའི་རྒྱལ་ཁབ་ལྟ་ཞིབ་ཨུ་ལྷན་གྱིས་ཀྲུང་དབྱང་སྐོར་ཞིབ་ཚན་ཆུང་གི་ཙུའུ་ཀྲང་གཞོན་པ་ཟུར་བ་ཏུང་ཧུང་གི་སྒྲིག་འགལ་ཁྲིམས་འགལ་ཚབས་ཆེན་གྱི་གནད་དོན་ལ་གྱོད་དོན་ཐོ་འགོད་བྱས་ཏེ་ཞིབ་བཤེར་བརྟག་དཔྱད་བྱས་པ་རེད།

བརྟག་དཔྱད་བྱས་པ་བརྒྱུད། ཏུང་ཧུང་གི་ཕུགས་བསམ་དང་དད་སེམས་ཉམས་ཤིང་། “ཡིད་ཆེས་བཞི”མེད་པར་གྱུར་ནས་ཚབས་ཆེན་པོས་ཆབ་སྲིད་ཀྱི་སྒྲིག་ཁྲིམས་དང་ཆབ་སྲིད་ཀྱི་སྒྲིག་ལམ་ལས་འགལ་ལ། ཏང་ལ་བློ་མི་དཀར་བ་དང་རྣམ་དག་མིན་པར་རྨོངས་དད་ཀྱི་བྱེད་སྒོ་ཆེས་ཆེར་སྤེལ་ནས་སྒྲིག་ཁྲིམས་དང་ཁྲིམས་འཛིན་ལག་བསྟར་ལ་སྒྲིག་འགལ་ངང་ཐེ་གཏོགས་དང་ཐེ་ཇུས་བྱས། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་སྣང་མེད་དུ་བཞག་ནས་སྒྲིག་སྲོལ་ལས་འགལ་ཏེ་སྒེར་གྱི་འདུ་གནས་སུ་འགྲོ་འོང་བྱས་ཤིང་། གཞུང་དོན་དྲང་གཞག་ངང་སྒྲུབ་པར་ཤུགས་རྐྱེན་ཐེབས་སྲིད་པའི་གསོལ་སྟོན་དང་ལེན་དང་། ལག་རྟགས་དང་འབུལ་རྟེན་དང་ལེན་བྱས། གཉེན་ཉེ་དང་ཉེ་འགྲམ་གྱི་ལས་དོན་མི་སྣས་རང་གི་གོ་གནས་ཀྱི་ཤུགས་རྐྱེན་སྤྱད་ནས་ཕན་ཁེ་གཉེར། རུལ་སུངས་ངན་གྱུར་དང་ཁྱིམ་སྲོལ་ངན་པ་བསྐྱང་། རྒྱུ་ནོར་འཛེམ་བག་མེད་པར་བླངས་ཤིང་དབང་དངུལ་བརྗེ་འཚོང་ཆེན་པོ་བྱས་ཏེ། ལས་གནས་ཀྱི་སྟབས་བདེ་སྤྱད་ནས་ཁེ་ལས་གཉེར་སྐྱོང་དང་། རྣམ་གྲངས་གསར་སྤེལ། བཟོ་སྐྲུན་སྒྲུབ་འགན་གཙང་ལེན་སོགས་ཀྱིས་མི་གཞན་ལ་ཕན་ཁེ་གཉེར་ཐབས་བྱས་ཤིང་། ཁྲིམས་འགལ་གྱིས་རྒྱུ་དངོས་འབོར་ཆེན་བླངས།

ཏུང་ཧུང་གིས་ཏང་གི་ཆབ་སྲིད་ཀྱི་སྒྲིག་ཁྲིམས་དང་། རྩ་འཛུགས་ཀྱི་སྒྲིག་ཁྲིམས། སྤྱོད་གཙང་གི་སྒྲིག་ཁྲིམས། འཚོ་བའི་སྒྲིག་ཁྲིམས་བཅས་ལས་ཚབས་ཆེན་ངང་འགལ་ནས་གོ་གནས་ཁྲིམས་འགལ་ཚབས་ཆེན་གྲུབ་པ་མ་ཟད། ལྐོག་རྔན་བླངས་པའི་ཉེས་གསོག་དོགས་གཞི་ཡོད། དེར་མ་ཟད་ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་དུ་སྡུག་ཚོད་མ་ཟིན་ལ་སྡུག་ལག་མ་བསྐུམས་པས་ངོ་བོ་ཚབས་ཆེ་ལ་ཤུགས་རྐྱེན་ངན་པ་བཟོས་སྟབས་ཆད་པ་ནན་མོ་གཅོད་དགོས། ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ཁྲིམས་ཆད་གཅོད་སྲོལ་ཡིག》《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ལྟ་ཞིབ་བཅའ་ཁྲིམས》《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་གཞུང་ཞབས་པའི་སྲིད་དོན་ཆད་གཅོད་བཅའ་ཁྲིམས》སོགས་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་། ཀྲུང་དབྱང་སྒྲིག་ཨུ་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུའི་ཐོག་ཞིབ་འཇུག་བྱས་ཤིང་ཀྲུང་གུང་ཀྲུང་དབྱང་ལ་ཆོག་མཆན་སྤྲོད་པར་ཕུལ་བ་བརྒྱུད། ཏོང་ཧུང་ཏང་ནང་ནས་ཕྱིར་ཕུད་རྒྱུ་གཏན་འབེབས་བྱས་པ་དང་། གཏན་འབེབས་གཞིར་བཟུང་ཁོའི་ལོངས་སུ་སྤྱོད་པའི་ཐོབ་ཐང་མེད་པར་བཟོས། ཁོའི་སྒྲིག་འགལ་ཁྲིམས་འགལ་གྱི་ཐོབ་ཆ་གཞུང་བཞེས་བཏང་། ཁོའི་ཉེས་གསོག་དོགས་ཡོད་གནད་དོན་ཁག་ཞིབ་དཔྱོད་ལས་ཁུངས་ལ་ཁྲིམས་ལྟར་ཞིབ་བཤེར་ཞུ་གཏུག་བྱ་རྒྱུར་རྩིས་སྤྲོད་བྱས། །

རྩོམ་སྒྲིག་པ། : རིག་འཛིན་ལྷ་མོ།