ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས་ཤར་ནུབ་རྒྱུད་རོགས་ལས་དང་གནས་ཁེལ་རོགས་སྐྱོར་ལས་དོན་གཏིང་ཟབ་ཏུ་གཏོང་བའི་ཐད་མཛུབ་སྟོན་གལ་ཆེན་གནང་།

ཡོང་ཁུངས། : ཞིན་ཧྭ་གསར་འགྱུར་ཁང་།   རྩོམ་པ་པོ། : རིག་འཛིན་ལྷ་མོས་བསྒྱུར།   སྤེལ་དུས། : 2021-04-09
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཉེ་ཆར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅིའམ་རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཤར་ནུབ་རྒྱུད་རོགས་ལས་དང་གནས་ཁེལ་རོགས་སྐྱོར་ལས་དོན་གཏིང་ཟབ་ཏུ་གཏོང་བའི་ཐད་མཛུབ་སྟོན་གལ་ཆེན་གནང་། ཤར་ནུབ་རྒྱུད་རོགས་ལས་དང་གནས་ཁེལ་རོགས་སྐྱོར་ལས་དོན་སྤེལ་རྒྱུ་ནི་ཏང་ཀྲུང་དབྱང་གིས་ས་ཁོངས་མཐུན་སྦྱོར་འཕེལ་རྒྱས་དང་ཐུན་མོང་འབྱོར་ཕྱུག་ལ་སྐུལ་འདེད་གཏོང་བར་དམིགས་ནས་བཏོན་པའི་ཐབས་ཇུས་གལ་ཆེན་ཞིག་ཡིན། དུས་བབ་དང་ལས་འགན་གྱི་འགྱུར་ལྡོག་ལ་འཚམ་པ་བྱས་ནས་དབུལ་ཐར་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་ཆེར་གཏོང་བ་དང་། གྲོང་གསེབ་དར་སྤེལ་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བར་དམིགས་ཏེ་ཤར་ནུབ་རྒྱུད་རོགས་ལས་དང་གནས་ཁེལ་རོགས་སྐྱོར་ལས་དོན་གཏིང་ཟབ་ཏུ་གཏོང་དགོས།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཤར་ནུབ་རྒྱུད་ཀྱི་ཆ་སྒྲིག་རོགས་སྐྱོར་གྱི་འབྲེལ་བ་འཐུས་སྒོ་ཚང་དུ་གཏོང་བ་དང་། རོགས་སྐྱོར་ཁྱབ་ཁོངས་རྒྱ་ཆེར་གཏོང་བ། རོགས་སྐྱོར་ལམ་སྲོལ་འཐུས་ཚང་དུ་གཏོང་བ། རོགས་སྐྱོར་བྱེད་སྟངས་ཇེ་ལེགས་སུ་གཏོང་བ། ཐོན་ལས་མཉམ་ལས་དང་ཐོན་ཁུངས་གསབ་རེས། ངལ་ནུས་སྦྲེལ་མཐུད། ཤེས་ལྡན་པ་བརྗེ་རེས་ལ་ཤུགས་སྣོན། སྤྱི་ཚོགས་ཡོངས་ཞུགས་པར་སྐུལ་སློང་བཅས་བྱས་ཏེ། ས་ཁོངས་མཐུན་འབྲེལ་འཕེལ་རྒྱས་དང་མཐུན་སྦྱོར་འཕེལ་རྒྱས། ཐུན་མོང་འཕེལ་རྒྱས་བཅས་ཀྱི་རྣམ་པ་བཟང་པོ་ཆགས་པ་བྱེད་དགོས། ཀྲུང་དབྱང་གི་གནས་ཁེལ་རོགས་སྐྱོར་སྡེ་ཁག་གིས་རོགས་སྐྱོར་འགན་འཁྲི་དོན་འཁྱོལ་དང་། རང་ངོས་ཀྱི་ལེགས་ཆ་འདོན་སྤེལ། རོགས་སྐྱོར་བྱེད་ཐབས་གསར་གཏོད། ལས་ཀའི་མཛུབ་ཁྲིད་ལ་ཤུགས་སྣོན། སྲིད་ཇུས་དོན་འཁྱོལ་ལ་སྐུལ་འདེད། རོགས་སྐྱོར་གྱི་ཕན་འབྲས་ཆེ་རུ་གཏོང་བ་བཅས་བྱེད་དགོས། ཏང་ཡོངས་ཀྱིས་དབུལ་ཐར་འགག་སྒྲོལ་གྱི་སྙིང་སྟོབས་དར་སྤེལ་བཏང་ནས་དུས་བསྟུན་མདུན་སྐྱོད་དང་མུ་མཐུད་འབད་འཐབ་བྱས་ཏེ་ཞིང་ལས་དང་གྲོང་གསེབ་དེང་རབས་ཅན་ལ་མགྱོགས་མྱུར་སྐུལ་འདེད་གཏོང་བ་དང་གྲོང་གསེབ་དར་སྤེལ་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་དགོས།

ཚེས8ཉིན། རྒྱལ་ཡོངས་ཤར་ནུབ་རྒྱུད་་རོགས་ལས་དང་ཀྲུང་དབྱང་སྡེ་ཁག་གི་གནས་ཁེལ་རོགས་སྐྱོར་ལས་དོན་གྱི་སྐུལ་སྤེལ་ཚོགས་འདུ་ཉིང་ཞ་དབྱིན་ཁྲོན་དུ་འཚོགས། ཚོགས་འདུས་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་ནམ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཧུའུ་ཁྲུན་ཧྭ་ཚོགས་འདུར་ཞུགས་ཤིང་གསུང་བཤད་གནང་། ཁོང་གིས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ལག་བསྟར་ནན་ཏན་བྱས་ཏེ། འཕེལ་རྒྱས་ཀྱི་དུས་མཚམས་གསར་པར་ཤར་ནུབ་རྒྱུད་རོགས་ལས་དང་གནས་ཁེལ་རོགས་སྐྱོར་ལས་དོན་གྱི་དོན་སྙིང་གལ་ཆེན་མཐའ་འཁྱོངས་དང་འཐུས་ཚང་དུ་བཏང་ནས་གྲོང་གསེབ་དར་སྤེལ་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་དགོས། ཤར་ནུབ་རྒྱུད་རོགས་ལས་ཀྱི་ཆ་སྒྲིག་འབྲེལ་བ་ལེགས་སྒྲིག་བྱ་བར་སྐུལ་འདེད་གཏོང་བ་ནན་འཛིན་བྱས་ནས་རོགས་སྐྱོར་ལས་དོན་དང་ལས་བྱེད་པའི་དཔུང་ཁག་བརྟན་བརླིང་ངང་བར་བརྒལ་ཐུབ་པར་ཁག་ཐེག་བྱེད་དགོས། མཉམ་ལས་རོགས་སྐྱོར་བྱེད་སྟངས་འཚོལ་ཞིབ་ཇེ་མགྱོགས་སུ་བཏང་ནས་ཧུར་ཐག་གིས་དབུལ་ཐར་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་དང་། ཐོན་ལས་སྤོ་སྒྱུར་ལ་སྐུལ་འདེད། ཁྲོམ་རའི་མཉམ་ལས་ལ་ཤུགས་སྣོན། སྤྱི་ཚོགས་བྱ་གཞག་འཕེལ་རྒྱས་ཀྱི་ཆུ་ཚད་མཐོར་འདེགས། ས་ཁོངས་མཐུན་སྦྱོར་འཕེལ་རྒྱས་ལ་སྐུལ་འདེད་བཅས་བྱེད་དགོས། ཀྲུང་དབྱང་སྡེ་ཁག་གིས་ལས་བྱེད་པ་འདེམས་མངགས་དང་མ་དངུལ་གྱི་རྒྱབ་སྐྱོར། ཐོན་ལས་ལས་ཞུགས་ཀྱི་རོགས་སྐྱོར་སོགས་ཀྱི་ལས་དོན་མུ་མཐུད་དུ་ཡག་པོར་བསྒྲུབས་ནས་གནས་ཁེལ་རོགས་སྐྱོར་རྫོང་མགྱོགས་མྱུར་ངང་འཕེལ་རྒྱས་འགྲོ་བར་རྒྱབ་སྐྱོར་བྱེད་དགོས།

ཚོགས་འདུའི་ཐོག་ཤར་ནུབ་རྒྱུད་རོགས་ལས་གན་འཇོག་མཛད་སྒོ་སྤེལ་བ་དང་། ཤར་ནུབ་རྒྱུད་རོགས་ལས་ལས་དོན་གྱི་འབྲེལ་ཡོད་གནས་ཚུལ་གྱི་བརྡ་ཁྱབ་བཏང་། ཉིང་ཞ་དང་། པེ་ཅིང་། ཅང་སུའུ། ཧྥུའུ་ཅན། ཀོང་ཏུང་། ཀུའེ་ཀྲོའུ། ཀན་སུའུ་བཅས་ཀྱི་འབྲེལ་ཡོད་འགན་འཁུར་བློ་མཐུན་གྱིས་ཚོགས་འདུའི་ཐོག་གཏམ་བཤད་གནང་། 

ཤར་ནུབ་རྒྱུད་རོགས་ལས་རོགས་སྐྱོར་ལས་འགན་འཁུར་བའི་འབྲེལ་ཡོད་ཞིང་ཆེན་དང་། རང་སྐྱོང་ལྗོངས། གྲོང་ཁྱེར། ཀྲུང་དབྱང་སྡེ་ཁག་གི་གནས་ཁེལ་རོགས་སྐྱོར་སྣེ་ཁྲིད་སྡེ་ཁག་གི་འགན་འཁུར་བློ་མཐུན་དང་། ཀྲུང་དབྱང་གྲོང་གསེབ་ལས་དོན་གཞུང་ལས་ཁང་དང་། ཞིང་ལས་གྲོང་གསེབ་པུའུ། རྒྱལ་ཁབ་གྲོང་གསེབ་དར་རྒྱས་ཅུས་བཅས་ཀྱི་འགན་འཁུར་བློ་མཐུན་གཙོ་བོ་ཚོགས་འདུར་ཞུགས། །

རྩོམ་སྒྲིག་པ། : རིག་འཛིན་ལྷ་མོ།