ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་དང་ཁ་མེ་ལུང་གི་ཙུང་ལིས་པེ་ཡ་གཉིས་ཀྱིས་ཀྲུང་གོ་དང་ཁ་མེ་ལུང་བར་འབྲེལ་བ་བཙུགས་ནས་ལོ་ལྔ་བཅུ་འགོར་བའི་ཐད་ནས་ཕན་ཚུན་ལ་རྟེན་འབྲེལ་ཞུ་བའི་གློག་འཕྲིན་བཏང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-03-27
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་དང་ཁ་མེ་ལུང་གི་ཙུང་ཐུང་པེ་ཡ་གཉིས་ཀྱིས་ཟླ་གསུམ་པའི་ཚེས་ཉེར་དྲུག་ཉིན་ཕན་ཚུན་ལ་རྟེན་འབྲེལ་ཞུ་བའི་གློག་འཕྲིན་བཏང་ནས། རྒྱལ་ཁབ་གཉིས་བར་འབྲེལ་བ་བཙུགས་ཏེ་ལོ་ལྔ་བཅུ་འགོར་བར་རྟེན་འབྲེལ་ཞུས།

ཞི་ཅིན་ཕིང་གིས་རྟེན་འབྲེལ་ཞུ་བའི་གློག་འཕྲིན་ནང་བསྟན་དོན། འབྲེལ་བ་བཙུགས་ནས་དུས་རབས་ཕྱེད་ཀ་འགོར་བའི་རིང་ལ། ཀྲུང་གོ་དང་ཁ་མེ་ལུང་རྒྱལ་ཁབ་གཉིས་ཀྱིས་སྐྱིད་སྡུག་མཉམ་མྱོང་བྱས་པས་སྲོལ་རྒྱུན་མཛའ་བརྩེ་སྔར་ལས་སྲ་བརྟན་དུ་གྱུར། ཉེ་བའི་ལོ་འགའི་རིང་ལ་རྒྱལ་ཁབ་གཉིས་ཀྱི་མཛའ་མཐུན་མཉམ་ལས་འབྲེལ་བ་གོང་འཕེལ་ཆེན་པོ་བྱུང་བ་དང་། ཆབ་སྲིད་ཐད་ཀྱི་ཡིད་ཆེས་ཉིན་རེ་བཞིན་ཇེ་ཟབ་ཏུ་སོང་ལ། དངོས་གཉེར་མཉམ་ལས་ལ་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ། ཕན་ཚུན་གྱི་སྲོག་ཤིང་གི་ཁེ་ཕན་དང་སེམས་ཁུར་བྱེད་པའི་གནད་དོན་ཐད་ནས་ཕན་ཚུན་ལ་རྒྱུས་ལོན་དང་རྒྱབ་སྐྱོར་བྱས་པ་དང་། རྒྱལ་སྤྱི་དང་ས་ཁུལ་གྱི་ལས་དོན་ཁྲོད་དུ་གཞོགས་འདེགས་དམ་པོ་བྱས། པྲོག་གསར་གློ་ཚད་རིམས་ནད་བྱུང་རྗེས། ཀྲུང་གོས་ཁ་མེ་ལུང་དང་བཅས་པའི་ཨ་ཧྥེ་རི་ཁ་གླིང་གི་རྒྱལ་ཁབ་དང་དཀའ་སྡུག་མཉམ་མྱོང་དང་ཕན་ཚུན་རོགས་རེས་བྱས་ཏེ། ལག་གདང་མཉམ་སྦྲེལ་གྱིས་རིམས་ནད་འགོག་རྒོལ་བྱས་པ་དེས་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་སྤུན་ཟླ་ལྟ་བུའི་བརྩེ་སེམས་མཚོན་ཡོད་ཟེར།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ངས་ཀྲུང་གོ་དང་ཁ་མེ་ལུང་གི་འབྲེལ་བ་གོང་འཕེལ་དུ་གཏོང་བར་ཧ་ཅང་མཐོང་ཆེན་བྱེད་བཞིན་ཡོད་ལ། ཙུང་ཐུང་པེ་ཡ་དང་མཉམ་དུ་འབད་བརྩོན་བྱས་ཏེ། རྒྱལ་ཁབ་གཉིས་བར་འབྲེལ་བ་བཙུགས་ནས་ལོ་ལྔ་བཅུ་འགོར་བ་གོ་སྐབས་སུ་བརྩི་བ་དང་། ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་གླེང་སྟེགས་ཀྱི་པེ་ཅིང་མཐོ་རིམ་གྲོས་ཚོགས་ཀྱི་གྲུབ་འབྲས་དོན་འཁྱོལ་བཟང་བོ་བྱེད་པ། རྒྱུད་གཅིག་ལམ་གཅིག་མཉམ་བསྐྲུན་གྱི་མཉམ་ལས་ལ་ཤུགས་སྣོན་པ། རྒྱལ་ཁབ་གཉིས་དང་རྒྱལ་ཁབ་ཀྱི་མི་དམངས་ལ་བདེ་སྐྱིད་བསྐྲུན་པ་བཅས་བྱས་ཏེ། ཀྲུང་གོ་དང་ཨ་ཧྥེ་རི་ཁའི་ལས་དབང་གཅིག་མཐུན་ཚོགས་པ་སྔར་ལས་དམ་པོ་བསྐྲུན་པར་བྱས་རྗེས་བཟང་བོ་འཇོག་འདོད་ཡོད་ཟེར།

པེ་ཡ་ཡིས་རྟེན་འབྲེལ་ཞུ་བའི་གློག་འཕྲིན་ནང་བསྟན་དོན། དུས་ཡུན་རིང་བོར་རྒྱལ་ཁབ་གཉིས་ཀྱི་གཙོ་འཛིན་གྱི་སྐུལ་འདེད་འོག ཁ་མེ་ལུང་དང་ཀྲུང་གོའི་གཉིས་ཕན་མཉམ་རྒྱལ་གྱི་མཛའ་མཐུན་མཉམ་ལས་འབྲེལ་བར་ཕན་འབྲས་ཁྱད་དུ་འཕགས་པ་ཐོབ་པ་དང་རྒྱུན་མ་ཆད་པར་སྲ་བརྟན་དུ་གྱུར། རྒྱལ་ཁབ་གཉིས་ཀྱི་མཉམ་ལས་གྲུབ་འབྲས་ཀྱིས་ཁ་ལེ་ལུང་གི་མི་དམངས་ལ་བདེ་སྐྱིད་བསྐྲུན་པ་དང་། ཁ་མེ་ལུང་གི་རྒྱལ་ཁབ་དེང་རབས་ཅན་མངོན་འགྱུར་ལ་རོགས་འདེགས་བྱེད་པར་བྱས་རྗེས་གལ་ཆེན་བཞག་ཡོད། ཀྲུང་གོའི་མགོ་ཁྲིད་མིག་རྒྱང་རིང་བོ་ལྡན་པ་དང་། ཀྲུང་གོའི་མི་དམངས་ལ་སྡུག་རུས་དང་སྤོབས་པ་ཆེ། ཀྲུང་གོ་རྒྱལ་སྤྱིའི་གར་སྟེགས་སྟེང་གི་སྟོབས་ཤུགས་གལ་ཆེན་དུ་གྱུར་ཡོད། དེ་ལས་ཀྱང་དགའ་འོས་པ་ནི་ཀྲུང་གོས་ནམ་ཡང་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་བར་གྱི་མཉམ་ལས་ལ་མཐོང་ཆེན་བྱས་ཏེ། ཨ་ཧྥེ་རི་ཁ་གླིང་གི་རྒྱལ་ཁབ་ཀྱིས་དར་རྒྱས་གོང་འཕེལ་མངོན་འགྱུར་བྱེད་པའི་ཐད་རྒྱབ་སྐྱོར་བྱེད་བཞིན་པ་དེ་རེད། རྒྱལ་ཁབ་གཉིས་བར་འབྲེལ་བ་བཙུགས་ནས་ལོ་ལྔ་བཅུ་འགོར་བར་རྟེན་འབྲེལ་ཞུ་བའི་སྐབས་འདིར། ཁ་མེ་ལུང་དང་ཀྲུང་གོའི་མཉམ་ལས་སྔར་ལས་ཇེ་དམ་དང་མདུན་ལྗོངས་སྔར་ལས་ཇེ་ཡངས་སུ་སོང་ནས། རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་སྔར་ལས་བདེ་སྐྱིད་བསྐྲུན་ཐུབ་པའི་སྨོན་འདུན་ཞུ་ཟེར།

རྩོམ་སྒྲིག་པ། : ཚེ་རིང་རྒྱ་མཚོ།