ཀྲུང་གོ་བོད་ཀྱི་དྲ་བ།

ཆེས་མཐོའི་མི་དམངས་ཁྲིམས་ཁང་གིས་ཁྱིམ་ཚང་ནང་གི་དྲག་ཤུགས་མི་ཐེབས་པའི“བར་གྱང”ལེགས་པོར་བརྡུང་དགོས་པར་བསྟན།

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།     སྤེལ་དུས། : 2021-03-19
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་བྱ་བའི་སྙན་ཞུའི་ཁྲོད།“བུད་མེད་དང་བྱིས་པ།རྒན་པ་དང་དབང་བོ་སྐྱོན་ཅན་བཅས་ལ་ཁྱིམ་ཚང་ནང་གི་དྲག་ཤུགས་མི་ཐེབས་པའི་བར་གྱང་ལེགས་པོར་བརྡུང་དགོས”པ་གསལ་པོར་བསྟན་ཡོད།ཁྱིམ་ཚང་ནང་གི་དྲག་ཤུགས་ནི་ཁྱིམ་ཚང་ནང་གི་འབྲས་སྐྲན་ལྟ་བུ་ཡིན་པས།གནོད་འཚེ་ཐེབས་པའི་ཁྱིམ་ཚང་གི་ཁོངས་མི་ལ་སྡུག་བསྔལ་ཆེན་པོ་བཟོ་བཞིན་ཡོད།ཁྱིམ་ཚང་ནང་གི་དྲག་ཤུགས་དེ་ཁྱིམ་ཚང་ནང་གི་དོན་དག་ཙམ་མིན་པས།ངེས་པར་དུ་ཁྲིམས་སྐྱོང་གི་ལག་པར་བརྟེན་ནས་བཅོས་སྐྱོང་བྱེད་དགོས་ལ།ཁྱིམ་ཚང་ནང་གི་དྲགས་ཤུགས་འགོག་པའི“བར་གྱང”ལེགས་པོར་བརྡུང་དགོས།

བུད་མེད་ནི་ཁྱིམ་ཚང་ནང་གི་དྲག་ཤུགས་མྱོང་མཁན་གྱི་ཚོགས་སྤྱི་གཙོ་བོ་ཡིན་པ་དང་།རྒྱལ་ཡོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་ཡིག་སྐུར་ངོ་གཏུག་ལ་སྡོམ་རྩིས་བྱས་པའི་གཞི་གྲངས་ལྟར་ན།2019ལོ་ཁོ་ནར་ཁྱིམ་ཚང་ནང་གི་དྲག་ཤུགས་ཐེབས་པའི་གྱོད་དོན36002ཡོད།ཁྱིམ་ཚང་ནང་གི་དྲག་ཤུགས་ལས་བྱུང་བའི་ངན་ཤུགས་ལ་སྣང་ཆུང་གཏན་ནས་བྱེད་མི་རུང་བ་སྟེ།དེས་གནོད་ཐེབས་མཁན་ལ་ལུས་སེམས་གཉིས་ཀའི་གནོད་འཚེ་བཟོ་བར་མ་ཟད།འཚོ་བར་རེ་ཐག་ཆད་དུ་འཇུག་པ་དང་ཐ་ན་ཚེ་སྲོག་ལ་གནོད་པ་ཐེབས་སྲིད།

གནོད་འཚེ་ཐེབས་མཁན་རང་སྟེང་ནས་ཁྱིམ་ཚང་ནང་གི་དྲག་ཤུགས་ཀྱི་སྡུག་བསྔལ་ལས་ཐར་རྒྱུ་ནི་དེ་འདྲའི་སླ་མོ་ཞིག་མིན་པས།ངེས་པར་དུ་ཕྱི་རོལ་ཡུལ་གྱི་རྒྱབ་སྐྱོར་ཐོབ་དགོས།ཁྱིམ་ཚང་ནང་གི་དྲག་ཤུགས་ལ་རྒོལ་བའི་བཅའ་ཁྲིམས་བཏོན་པ་ནས།མི་ལུས་བདེ་ཐང་ལ་སྲུང་སྐྱོབ་ཐོབ་པའི་བཀའ་རྒྱ་བབས་པ་དང་།དེ་ནས་ཐུགས་ཁུར་རོགས་སྐྱོར་ནང་རྐྱེན་བཙུགས་པ་སོགས།རང་རྒྱལ་གྱིས་ཉེ་བའི་ལོ་འདི་འགར་ཁྱིམ་ཚང་ནང་གི་དྲག་ཤུགས་ལ་རྒོལ་བའི་སྲིད་ཇུས་དང་བྱེད་ཐབས་རབ་དང་རིམ་པ་བཏོན་ནས།གནོད་ཐེབས་མཁན་ཡར་ལངས་ཏེ་ངོ་རྒོལ་བྱེད་པར་སྤོབས་པ་བསྩལ་བས།ཁྱིམ་ཚང་ནང་གི་དྲག་ཤུགས་ལས་བྱུང་བའི་ཉེས་བསགས་འགོག་པའི་ཐད་ནས་གྲུབ་འབྲས་མངོན་གསལ་བླངས་ཡོད།འོན་ཀྱང་ཁྱིམ་ཚང་ནང་གི་དྲག་ཤུགས་མེད་པར་བཟོ་བ་དེ་ནི་ཡུན་རིང་གི་ལས་དོན་ཞིག་ཡིན་པས།ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་བྱ་བའི་སྙན་ཞུའི་ཁྲོད་ཁྱིམ་ཚང་ནང་གི་དྲག་ཤུགས་འགོག་པའི“བར་གྱང”ལེགས་པོར་བརྡུང་དགོས་པ་གསལ་པོར་བཏོན་ཡོད་ལ།དེས་ཁྱིམ་ཚང་ནང་གི་དྲག་ཤུགས་ལ་རྒོལ་བའི་བྱ་བ་ཇེ་དྲག་ཏུ་བཏང་བ་དང་སྐུལ་འདེད་བྱས་ཡོད།

ཁྱིམ་ཚང་ནང་གི་དྲག་ཤུགས་འགོག་པ་ནི་འཛམ་གླིང་རང་བཞིན་གྱི་དཀའ་གནད་ཅིག་ཡིན་པས།འགོག་སྲུང་གི་བྱེད་ཐབས་བསྟུད་མར་ཇེ་དྲག་ཏུ་གཏོང་དགོས།ཁྱིམ་ཚང་ནང་གི་དྲག་ཤུགས་ནི་ཆེས་བཟང་ན་མགོ་འབུས་པའི་དུས་སུ་ཐག་གཅོད་ལེགས་པོ་བྱེད་དགོས།ཁྱིམ་ཚང་ནང་གི་དྲག་ཤུགས་ལ་རྒོལ་བའི་བཅའ་ཁྲིམས་དྲིལ་སྒྲོག་བྱེད་ཚད་སྔར་ལས་ཇེ་ཆེར་གཏོང་བ་དང་།མགྱོགས་ལ་ནུས་ལྡན་ཡིན་པའི་ཐེ་གཏོགས་ནང་རྐྱེན་བཙུགས་ཏེ།དམངས་དོན་བྱ་སྤྱོད་ཀྱི་ནུས་པ་མེད་པའི་མི་དང་དམངས་དོན་བྱ་སྤྱོད་ཀྱི་ནུས་པར་ཚོད་འཛིན་ཐེབས་པའི་མི་ལ་ཁྱིམ་ཚང་ནང་གི་དྲག་ཤུགས་ཐེབས་པའམ་ཡང་ན་དྲག་ཤུགས་ཐེབས་པའི་དོགས་པ་ཡོད་ན་བཙན་ཤུགས་ཀྱིས་ཡར་ཞུ་བྱེད་པའི་བྱ་བ་ཧུར་བརྩོན་གྱིས་སྤེལ་དགོས།དུས་མཚུངས་སུ་ད་རུང་བུད་མེད་མཉམ་འབྲེལ་ལྷན་ཚོགས་སོགས་སྡེ་ཁག་སྐུལ་སློང་བྱས་ཏེ།ཁྱིམ་དོན་འདུམ་འགྲིག་པ་དང་ཁྱིམ་དོན་བརྟག་དཔྱད་པ་སོགས་ཀྱི་ལམ་ལུགས་འཛུགས་པ་དང་།ཁྱིམ་དོན་འདྲི་གཅོད་ཐད་ཀྱི་སེམས་ཁམས་ཁྲིད་སྟོན་དང་ཐེ་གཏོགས་ལས་ཁུངས་བཙུགས་ནས།བྱེད་ཐབས་མང་པོས་ཁྱིམ་ཚང་ནང་གི་དྲག་ཤུགས་མེད་པར་བཟོ་བ་དང་ཁྱིམ་ཚང་གི་འབྲེལ་བར་སྲུང་སྐྱོབ་བྱེད་དགོས། །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།