ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས་མགོ་འཛིན་མཛད་དེ་ཀྲུང་དབྱང་ནོར་སྲིད་དཔལ་འབྱོར་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་དགུ་པ་བསྡུས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-03-16
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི། ཀྲུང་དབྱང་ནོར་སྲིད་དཔལ་འབྱོར་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཞི་ཅིན་ཕིང་གིས་ཚེས་བཅོ་ལྔ་ཉིན་གྱི་ཕྱི་དྲོར་མགོ་འཛིན་མཛད་དེ་ཀྲུང་དབྱང་ནོར་སྲིད་དཔལ་འབྱོར་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་དགུ་པ་བསྡུས་ཏེ། སྟེགས་བུའི་དཔལ་འབྱོར་བརྟན་འཇགས་སྒོས་འཕེལ་རྒྱས་སུ་གཏོང་བའི་གནད་དོན་དང་ཐཱན་སྙོམས་སྦྱོར་དང་ཐཱན་ཉུང་གཏོང་མངོན་འགྱུར་བྱེད་པའི་གཞི་རྩའི་བསམ་ཕྱོགས་དང་བྱེད་ཐབས་གཙོ་བོར་ཞིབ་འཇུག་བྱས། ཞི་ཅིན་ཕིང་གིས་ཚོགས་ཐོག་ཏུ་གསུང་བཤད་གལ་ཆེན་གནང་སྟེ་བསྟན་དོན། རང་རྒྱལ་གྱི་སྟེགས་བུའི་དཔལ་འབྱོར་འཕེལ་རྒྱས་དེ་གནད་འགག་དུས་སྐབས་སུ་གནས་ཡོད་པས། རྒྱང་རིང་ལ་དམིགས་ཤིང་དེང་སྐབས་ལ་ལྟ་རྟོག་བྱེད་པ་དང་། ཞན་ཆ་ཁ་གསབ་དང་མི་འདང་ས་ཇེ་ལེགས་སུ་གཏོང་དགོས་ལ། གསར་སྐྲུན་ཁོར་ཡུག་ལེགས་སྒྱུར་བྱེད་པ་དང་འབུར་དུ་ཐོན་པའི་གནད་དོན་དང་འགལ་བ་ཐག་བཅད་ནས། སྟེགས་བུའི་དཔལ་འབྱོར་ཚད་ལྡན་དང་རྒྱུན་མཐུད་སྒོས་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་དགོས། ཐཱན་སྙོམས་སྦྱོར་དང་ཐཱན་ཉུང་གཏོང་མངོན་འགྱུར་བྱེད་པ་ནི་རྒྱ་ཆེ་ཞིང་གཏིང་ཟབ་པའི་དཔལ་འབྱོར་དང་སྤྱི་ཚོགས་གོ་རིམ་རང་བཞིན་གྱི་སྒྱུར་བཅོས་ཤིག་ཡིན་པས། ཐཱན་སྙོམས་སྦྱོར་དང་ཐཱན་ཉུང་གཏོང་བྱེད་རྒྱུ་དེ་སྐྱེ་ཁམས་དཔལ་འབྱོར་འཛུགས་སྐྲུན་གྱི་སྤྱིའི་བཀོད་སྒྲིག་ཏུ་འཇོག་པ་དང་བྱ་བ་སྣ་ཚོགས་གང་ལེགས་སྒོས་བསྒྲུབ་ནས། དུས་ལྟར་ཉིས་སྟོང་སུམ་ཅུ་ལོའི་སྔོན་ལ་ཐཱན་སྙོམས་སྦྱོར་དང་ཐཱན་ཉུང་གཏོང་བྱེད་པ་དང་ཉིས་སྟོང་དྲུག་ཅུའི་སྔོན་ལ་ཐཱན་སྙོམས་སྦྱོར་དང་ཐཱན་ཉུང་གཏོང་གི་དམིགས་འབེན་མངོན་འགྱུར་བྱེད་དགོས་ཟེར།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི། ཀྲུང་དབྱང་ནོར་སྲིད་དཔལ་འབྱོར་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་ལིས་ཁི་ཆང་དང་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི། ཀྲུང་དབྱང་ནོར་སྲིད་དཔལ་འབྱོར་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཝང་ཧུའུ་ཉིང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ། ཀྲུང་དབྱང་ནོར་སྲིད་དཔལ་འབྱོར་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཧན་ཀྲིན་བཅས་གྲོས་ཚོགས་ལ་ཞུགས།

ཚོགས་ཐོག་ནས་རྒྱལ་ཁབ་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་དང་ཀྲུང་གོ་མི་དམངས་དངུལ་ཁང་། རྒྱལ་ཁབ་ཚོང་རའི་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུའུ་བཅས་ཀྱིས་སྟེགས་བུའི་དཔལ་འབྱོར་བརྟན་འཇགས་སྒོས་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་བའི་གནས་ཚུལ་ཡར་ཞུ་བྱས་པར་ཉན་པ་དང་། རྒྱལ་ཁབ་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་དང་སྐྱེ་ཁམས་ཁོར་ཡུག་པུའུ། རང་བྱུང་ཐོན་ཁུངས་པུའུ་བཅས་ཀྱིས་ཐཱན་སྙོམས་སྦྱོར་དང་ཐཱན་ཉུང་གཏོང་མངོན་འགྱུར་བྱེད་པའི་སྤྱིའི་བསམ་ཕྱོགས་དང་བྱེད་ཐབས་གཙོ་བོ་ཡར་ཞུ་བྱས་པར་ཉན།

ཚོགས་ཐོག་ནས་བསྟན་དོན། རང་རྒྱལ་གྱིས་ཉིས་སྟོང་སུམ་ཅུ་ལོའི་སྔོན་ལ་ཐཱན་སྙོམས་སྦྱོར་མངོན་འགྱུར་བྱེད་པ་དང་ཉིས་སྟོང་དྲུག་ཅུ་ལོའི་སྔོན་ལ་ཐཱན་ཉུང་གཏོང་མངོན་འགྱུར་བྱེད་རྒྱུ་བརྩོན་ལེན་བྱེད་པ་ནི་ཏང་ཀྲུང་དབྱང་གིས་བསམ་གཞིགས་ནན་མོ་བཏང་སྟེ་གཏན་འཁེལ་བྱས་པའི་ཇུས་ཆོད་སྲིད་ཇུས་གལ་ཆེན་ཡིན་པ་དང་། ཀྲུང་ཧྭ་མི་རིགས་ཡུན་རིང་ལ་འཕེལ་རྒྱས་སུ་འགྲོ་བ་དང་མིའི་རིགས་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པ་གསར་སྐྲུན་བྱེད་པར་འབྲེལ་བ་ཡོད། བློ་བརྟན་འགྱུར་མེད་སྒོས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་བྱེད་པ་དང་ཁོངས་གཏོགས་འདུ་ཤེས་རྒྱུན་འཁྱོངས་བྱེད་དགོས་ལ། འཕེལ་རྒྱས་དང་ཉུང་འདོན་དང་སྤྱི་ཡོངས་དང་ཁག་ཉུང་ཤོས། དུས་ཡུན་ཐུང་བ་དང་དུས་ཡུན་རིང་འབྲིང་བར་གྱི་འབྲེལ་བ་ཐག་གཅོད་བཟང་བོ་བྱས་ཏེ། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཁྱོན་ཡོངས་ལྗང་མདོག་ཚུལ་སྒྱུར་གྱིས་སྣེ་ཁྲིད་བྱེད་པ་དང་། ནུས་ཁོངས་ལྗང་མདོག་ཐཱན་ཉུང་འཕེལ་རྒྱས་གནད་འགག་ཏུ་འཛིན་ཞིང་ཐོན་ཁུངས་གྲོན་ཆུང་དང་ཁོར་ཡུག་སྲུང་སྐྱོབ་ཀྱི་ཐོན་ལས་སྒྲིག་གཞི་དང་ཐོན་སྐྱེད་སྤེལ་སྟངས།  འཚོ་བའི་རྣམ་པ། བར་སྟོང་བཀོད་སྒྲིག་བཅས་མྱུར་དུ་ཆགས་པར་བྱེད་དགོས་པ་དང་། བློ་བརྟན་འགྱུར་མེད་སྒོས་སྐྱེ་ཁམས་ཐོག་མར་དམ་འཛིན་བྱེད་པ་དང་ལྗང་མདོག་ཐཱན་ཉུང་གི་སྤུས་ཚད་མཐོ་བའི་འཕེལ་རྒྱས་བགྲོད་ལམ་དུ་བསྐྱོད་དགོས། རྒྱལ་ཡོངས་ལ་གཅིག་གྱུར་སྒོས་འཆར་འགོད་བྱེད་རྒྱུ་རྒྱུན་འཁྱོངས་བྱས་ཏེ་རིམ་མཐོའི་ཇུས་འགོད་ནུས་པ་ཇེ་ཆེར་གཏོང་བ་དང་། ལམ་ལུགས་ཁྱད་སྟོབས་འདོན་སྤེལ་བཟང་བོ་བྱེད་དགོས་ལ། ཕྱོགས་སོ་སོའི་འགན་འཁྲི་དང་ལེན་བྱས་ནས། ས་གནས་སོ་སོའི་དོན་དངོས་ལྟར་རིགས་བགར་ཇུས་བསྟར་བྱེད་དགོས། སྲིད་གཞུང་དང་ཚོང་ར་ཕྱོགས་གཉིས་ཀྱིས་ཤུགས་འདོན་པ་རྒྱུན་འཁྱོངས་བྱས་ཏེ། ཚན་རྩལ་དང་ལམ་ལུགས་གསར་སྐྲུན་ནུས་པ་ཇེ་ཆེར་གཏོང་བ་དང་ནུས་ཁོངས་དང་འབྲེལ་ཡོད་ཁྱབ་ཁོངས་ཀྱི་བཅོས་སྒྱུར་གཏིང་ཟབ་ཏུ་སྤེལ་ནས། ཕན་ནུས་ལྡན་པའི་སྐུལ་འདེད་ཚོད་འཛིན་རྐྱེན་སྲོལ་ཆགས་པར་བྱེད་དགོས། རྒྱལ་སྤྱིའི་བརྗེ་རེས་མཉམ་ལས་རྒྱ་བསྐྱེད་ནས་ནུས་ལྡན་སྒོས་རྒྱལ་ནང་དང་རྒྱལ་སྤྱིའི་ནུས་ཁོངས་ཐོན་ཁུངས་ལ་གཅིག་གྱུར་སྒོས་འཆར་འགོད་བྱེད་དགོས། ཉེན་ཁའི་ངོས་འཛིན་དང་ཚོད་འཛིན་དོ་མ་ལ་ཤུགས་བསྣན་ཏེ། བཙོག་ཆུ་ཉུང་འདོན་དང་ཐཱན་ཇེ་ཉུང་དུ་གཏོང་བ་དང་། ཐོན་ལས་ཕྲེང་འབྲེལ་དང་མཁོ་འདོན་འབྲེལ་གྱི་བདེ་འཇགས་དང་འབྲུ་རིགས་བདེ་འཇགས། མང་ཚོགས་ཀྱི་རྒྱུན་ལྡན་འཚོ་བའི་འབྲེལ་བ་ཐག་གཅོད་བཟང་བོ་བྱེད་དགོས་ཟེར།

ཚོགས་ཐོག་ནས་བསྟན་དོན། ཐཱན་སྙོམས་སྦྱོར་དང་ཉུང་གཏོང་མངོན་འགྱུར་བྱེད་པ་ནི་ལས་འགན་གལ་ཆེན་ཞིག་ཡིན་ལ། ང་ཚོའི་ཏང་གི་རྒྱལ་སྐྱོང་སྲིད་འཛིན་ནུས་པར་ཉམས་སད་ཐེག་པ་ཞིག་ཡིན། ཏང་ཀྲུང་དབྱང་གི་གཅིག་བསྡུས་གཅིག་གྱུར་འགོ་ཁྲིད་ལ་ཤུགས་བསྣན་ཏེ་ལྟ་སྐུལ་དཔྱད་ཞིབ་རྐྱེན་སྲོལ་འཐུས་ཚང་དུ་གཏོང་དགོས། རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གིས་འགན་འཁྲི་ཕྲག་ཏུ་བླངས་ཏེ་དམིགས་འབེན་ཡོད་པ་དང་བྱེད་ཐབས་ལྡན་པ། ཞིབ་བཤེར་བྱེད་པ་བཅས་བྱེད་དགོས། འགོ་ཁྲིད་ལས་བྱེད་པས་ཐཱན་ཕྱིར་འདོན་གྱི་འབྲེལ་ཡོད་ཤེས་བྱར་སློབ་སྦྱོང་བྱེད་པར་ཤུགས་བསྣན་ཏེ། ལྗང་མདོག་ཐཱན་ཉུང་འཕེལ་རྒྱས་ཀྱི་ནུས་པ་མཐོར་འདེགས་སུ་གཏོང་དགོས་ཟེར།

ཀྲུང་དབྱང་ནོར་སྲིད་དཔལ་འབྱོར་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་རྣམས་གྲོས་ཚོགས་ལ་ཞུགས་པ་དང་། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་འབྲེལ་ཡོད་ལས་ཁུངས་ཀྱི་འགན་འཁུར་བ་གྲོས་ཚོགས་ལ་ཟུར་ཞུགས་བྱས།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།