ཀྲུང་གོ་བོད་ཀྱི་དྲ་བ།

ལིས་ཁི་ཆང་གིས་རྒྱལ་ཁབ་ཕྱི་ནང་གི་གསར་འགོད་པར་མཇལ་འཕྲད་གནང་བར་མ་ཟད་དྲི་བར་ལན་བཏབ།

  རྩོམ་པ་པོ། : བདེ་ལེགས་མཚོ་ཡིས་བསྒྱུར།   སྤེལ་དུས། : 2021-03-12
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ3པའི་ཚེས11ཉིན་གྱི་ཕྱི་དྲོར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་རྒྱལ་ཁབ་ཕྱི་ནང་གི་གསར་འགོད་པར་མཇལ་འཕྲད་གནང་བར་མ་ཟད་དྲི་བར་ལན་བཏབ། གསར་འགོད་པའི་ཚོགས་འདུ་དེ་བརྙན་རིས་ཀྱི་ལམ་ནས་བསྡུས།

ལས་ཞུགས་གནད་དོན་ཐད་ནས་ལིས་ཁི་ཆང་གིས་གསུངས་རྒྱུར། ལས་ཞུགས་ནི་དམངས་ཚིས་ཀྱི་གཞི་རྩ་ཡིན་པ་དང་འཕེལ་རྒྱས་ཀྱི་རྨང་གཞི་ཡིན་ལ། རྒྱུ་ནོར་གསར་སྐྲུན་བྱེད་པའི་ཐབས་ལམ་གཙོ་བོ་ཞིག་ཀྱང་ཡིན། ན་ནིང་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་ཡང་དག་པའི་འགོ་ཁྲིད་འོག  རྒྱལ་ཡོངས་གོང་འོག་ཚང་མས་མཉམ་དུ་འབད་བརྩོན་བྱས་པ་བརྒྱུད། ལོ་ཧྲིལ་བོའི་དཔལ་འབྱོར་འཕར་སྣོན་དང་གྲོང་གསེབ་ཏུ་ལས་ཞུགས་འཕར་ཚད་སྔོན་དཔག་བྱས་པ་ལས་བཟང་། ད་ལོའི་ཆེ་ཕྱོགས་སྲིད་ཇུས་ལས་ལས་ཞུགས་གཙོར་བཟུང་ཡོད་ལ། གཏན་འཁེལ་བྱས་པའི་ལས་ཞུགས་སྲིད་ཇུས་བྱེད་ཐབས་སྔར་ལས་ཇེ་མང་དུ་བཏང་ཡོད། དེ་དང་མཉམ་དུ་སྟབས་བསྟུན་ལས་ཞུགས་ཐབས་ལམ་རྒྱ་བསྐྱེད་པ་དང་ལས་ཞུགས་ལས་གནས་གསར་བ་གསར་སྐྲུན་བྱེད་ངེས་ཡིན་ཟེར།

གསར་སྐྲུན་ནུས་པ་མཐོར་འདེགས་སུ་གཏོང་བའི་གནད་དོན་ཐད་ནས་ལིས་ཁི་ཆང་གིས་གསུངས་རྒྱུར། ཚན་རྩལ་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་བྱེད་པ་དང་ཚན་རྩལ་གསར་སྐྲུན་ནུས་པ་མཐོར་འདེགས་སུ་གཏོང་དགོས་ན། ངེས་པར་དུ་རྨང་གཞིའི་ཞིབ་འཇུག་གཞི་རྩ་སྲ་བརྟན་དུ་གཏོང་དགོས། རྒྱ་ཆེའི་ཚན་ཞིབ་མི་སྣར་ཞིབ་འཇུག་བྱ་བ་བཟང་བོར་བསྒྲུབ་པ་དང་ནུས་པ་ཡོད་ཚད་གང་ལེགས་སྒོས་འདོན་དུ་མཇུག་དགོས། ལོ་ཆུང་ན་གཞོན་སློབ་མས་རྨང་གཞིའི་ཤེས་བྱ་སློབ་སྦྱོང་བྱེད་པར་མཐོང་ཆེན་བྱས་ཏེ། གཞི་རྩའི་ནུས་པ་དང་སྐྱེད་སྲིང་གསར་སྐྲུན་ནུས་པ་ཇེ་ཆེར་གཏོང་རྒྱུ་མཉམ་འཛིན་བྱེད་དགོས་ཟེར།

ཀྲུང་གོ་དང་ཨ་མེ་རི་ཁའི་འབྲེལ་བའི་གནད་དོན་ཐད་ནས་ལིས་ཁི་ཆང་གིས་གསུངས་རྒྱུར། ཀྲུང་གོ་དང་ཨ་མེ་རི་ཁས་མཉམ་ལས་བྱས་ན་ཕྱོགས་གཉིས་ཀར་ཕན་པ་དང་འཐབ་རྩོད་བྱས་ན་ཕྱོགས་གཉིས་ཀར་གནོད་པ་འབྱུང་ངེས་རེད། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཉེ་སྔོན་ཙུང་ཐུང་པད་ཏིན་ལ་ཁ་པར་བཏང་བའི་དགོངས་དོན་ལྟར། ཕན་ཚུན་གྱི་སྲོག་ཤིང་ཁེ་ཕན་དང་གནད་དོན་གལ་ཆེན་ལ་བརྩི་འཇོག་བྱེད་པ་དང་། ཕན་ཚུན་གྱི་ནང་སྲིད་དང་ནང་ཁུལ་ལས་དོན་ལ་ཐེ་གཏོགས་མི་བྱེད་པ། འགལ་རྐྱེན་མི་སློང་བ་དང་གདོང་གཏུག་མི་བྱེད་པ་དང་། ཕན་ཚུན་ལ་བརྩི་འཇོག་དང་མཉམ་ལས་མཉམ་རྒྱལ་རྒྱུན་འཁྱོངས་བྱས་ནས། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་དེ་བདེ་ཐང་དང་བརྟན་འཇགས་ཀྱི་ཕྱོགས་སུ་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་དགོས་ཟེར།

བཅོས་སྒྱུར་གནད་དོན་ཐད་ནས་ལིས་ཁི་ཆང་གིས་གསུངས་རྒྱུར། ཚོང་རའི་གཙོ་གཞི་ལས་ཀྲུང་གོའི་དཔལ་འབྱོར་གྱི་གསོན་ཤུགས་དང་མཉེན་ཆ་གང་ལེགས་སྒོས་མཚོན་པར་བྱས་ཡོད། ཚོང་རའི་དགོས་མཁོ་ལ་དམིགས་ཏེ། གློད་སྡོམ་ཞབས་གསུམ་སོགས་ཀྱི་བཅོས་སྒྱུར་གཏིང་ཟབ་ཏུ་སྤེལ་ནས། ཚོང་རའི་གཙོ་གཞིའི་ཁུར་བོ་ཇེ་ཡང་དུ་གཏོང་བ་དང་འགྲན་རྩོད་ནུས་པ་ཇེ་ཆེར་གཏོང་དགོས། དེ་དང་མཉམ་དུ་དྲང་བདེན་ལྟ་སྐུལ་དོ་དམ་ལ་བརྟེན་ནས་འདྲ་མཉམ་འགྲན་རྩོད་ལ་སྐུལ་འདེད་བཏང་ནས། ཚོང་རར་གསོན་ཤུགས་ལྡན་པ་དང་སྤྱི་ཚོགས་ལ་གསར་སྐྲུན་ནུས་པ་ལྡན་པར་བྱེད་དགོས་ཟེར།

དམངས་ཚིས་གནད་དོན་ཐད་ནས་ལིས་ཁི་ཆང་གིས་གསུངས་རྒྱུར། དམངས་ཀྱི་རེ་སྒུག་ནི་ཇུས་བསྟར་གྱི་ཁ་ཕྱོགས་ཡིན། ང་ཚོས་མི་དམངས་དཀྱིལ་སྙིང་དུ་འཛིན་པའི་འཕེལ་རྒྱས་བསམ་ཕྱོགས་རྒྱུན་འཁྱོངས་བྱེད་པ་དང་། རིམ་པ་སོ་སོའི་སྲིད་གཞུང་གིས་དུས་དང་རྣམ་པ་ཀུན་ཏུ་གཞི་རྩའི་དམངས་ཚིས་ལེགས་བཅོས་བྱེད་རྒྱུ་ཕྲག་ཏུ་འཁུར་དགོས། ད་ལོའི་ནོར་སྲིད་དང་སྲིད་གཞུང་གི་བུ་ལོན་གཏོང་ཡོང་དེ་ཕན་ཁེ་ཆེ་བའི་དམངས་ཚིས་ལས་གཞི་དང་ལྷག་པར་དུ་འོས་འགན་སློབ་གསོ་དང་གཞི་རྩའི་སྨན་བཅོས་ཐད་ལ་གཏོང་དགོས་ཟེར།

ཕྱི་ཕྱོགས་སྒོ་འབྱེད་གནད་དོན་ཐད་ནས་ལིས་ཁི་ཆང་གིས་གསུངས་རྒྱུར། འཕེལ་རྒྱས་ཀྱི་རྣམ་པ་གསར་བ་གསར་སྐྲུན་བྱེད་པ་ནི་རྒྱལ་ནང་ཚོང་ར་སྔར་ལས་འཕེལ་རྒྱས་སུ་གཏོང་བ་དང་སྔར་ལས་སྒོ་འབྱེད་པའི་ཆེད་དུ་ཡིན། ང་ཚོས་རྒྱལ་ཁབ་སོ་སོ་དང་མཉམ་དུ་འཛམ་གླིང་ཉོ་ཚོང་རྩ་འཛུགས་སྒྲིག་སྲོལ་རྨང་གཞི་ཡིན་པའི་སྣ་མང་ཉོ་ཚོང་སྒྲིག་སྲོལ་སྲུང་སྐྱོབ་བྱས་ནས། ཉོ་ཚོང་དངུལ་གཏོང་རང་མོས་ཅན་དང་སྟབས་བདེ་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་འདོད་ཡོད་ཟེར།

ལིས་ཁི་ཆང་གིས་ད་དུང་པྲོག་གསར་གློ་ཚད་རིམས་ནད་དང་སྨན་བཅོས་འགན་སྲུང་། ཞང་ཀང་། མཚོ་འགག་འགྲམ་གཉིས་ཀྱི་འབྲེལ་བ་སོགས་ཀྱི་གནད་དོན་ཐད་ནས་རྒྱལ་ཁབ་ཕྱི་ནང་གི་གསར་འགོད་པའི་དྲི་བར་ལན་བཏབ། །

རྩོམ་སྒྲིག་པ། : བདེ་ལེགས་མཚོ།