ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཁྲིམས་སྐྱོང་ལམ་བུ་རུ་བསྐྱོད་དེ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱེད་པའི་ཐད་ཤུགས་ཡོད་ཁྲིམས་སྐྱོང་གི་འགན་སྲུང་འདོན་སྤྲོད་བྱེད་དགོས་པའི་རྩོམ་ཡིག་སྤེལ།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-03-01
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཟླ3པའི་ཚེས1ཉིན་པར་སྐྲུན་བྱས་པའི་བདེན་འཚོལ་དུས་དེབ་སྐབས་ལྔ་པའི་སྟེང་། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གི་ཁ་བྱང་ལ་བློ་བརྟན་འགྱུར་མེད་ཀྱིས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཁྲིམས་སྐྱོང་ལམ་བུ་རུ་བསྐྱོད་དེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱེད་པའི་ཐད་ཤུགས་ཡོད་ཁྲིམས་སྐྱོང་གི་འགན་སྲུང་འདོན་སྤྲོད་བྱེད་དགོས་ཞེས་པའི་རྩོམ་ཡིག་གལ་ཆེན་སྤེལ།

རྩོམ་ཡིག་ནང་ནན་གྱིས་བསྟན་དོན། ཁྱོན་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་ན། ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པ་དང་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་ཐེངས་གསུམ་པ། ཐེངས་བཞི་བ། ཐེངས་ལྔ་བའི་དགོངས་དོན་ཁྱོན་ཡོངས་ནས་དོན་འཁྱོལ་བྱེད་པ། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཁྲིམས་སྐྱོང་མ་ལག་འཛུགས་སྐྲུན་དང་སྤྱི་ཚོགས་རིང་ལུགས་ཁྲིམས་སྐྱོང་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་སྤྱིའི་དམིགས་འབེན་ལ་དམིགས་ནས། ཏང་གི་འགོ་ཁྲིད་དང་མི་དམངས་ཀྱིས་རང་ཁྱིམ་རང་བདག་བྱེད་པ། ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ་བཅས་གཅིག་གྱུར་བྱེད་པ་རྒྱུན་འཁྱོངས་བྱེད་པ། ཁྲིམས་སྐྱོང་ཁྱབ་ཁོངས་ཀྱི་འབུར་ཐོན་གནད་དོན་ཐག་གཅོད་པ་ཤུགས་འདོན་ས་རུ་བྱེད་པ། བློ་བརྟན་འགྱུར་མེད་ཀྱིས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལམ་བུ་རུ་བསྐྱོད་པ། ཁྲིམས་སྐྱོང་གི་བགྲོད་ལམ་སྟེང་རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་བསྒྱུར་ནས། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱེད་པ་དང་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་ཆེད་ཤུགས་ཡོད་ཀྱི་ཁྲིམས་སྐྱོང་འགན་སྲུང་འདོན་སྤྲོད་བྱེད་དགོས་ཟེར།

རྩོམ་ཡིག་ནང་བསྟན་དོན། ང་ཚོ་ཏང་གིས་དུས་ཡུན་རིང་བོར་ཁྲིམས་སྐྱོང་འཛུགས་སྐྲུན་ལ་མཐོང་ཆེན་བྱེད་ཀྱིན་ཡོད། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་ནས། རང་རྒྱལ་གྱི་སྤྱི་ཚོགས་རིང་ལུགས་ཁྲིམས་སྐྱོང་འཛུགས་སྐྲུན་ཐད་ནས་ལོ་རྒྱུས་རང་བཞིན་གྱི་འགྱུར་ལྡོག་བྱུང་བ་དང་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་བླངས་ལ། ཏང་གི་ཁྱོན་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བའི་འགོ་ཁྲིད་སྔར་ལས་བརྟན་པ་དང་། ཁྱོན་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བའི་སྤྱི་ཁོག་གི་རྣམ་པ་ཧ་ལམ་གྲུབ་པར་བྱས་ལ། ཁྱོན་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བའི་ལག་ལེན་ཐད་ནས་གྲུབ་འབྲས་གལ་ཆེན་བླངས་ཟེར།

རྩོམ་ཡིག་ནང་བསྟན་དོན། མིག་སྔར་དང་རྗེས་ཕྱོགས་ཀྱི་དུས་སྐབས་ཤིག་ལ། ཁྱོན་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བའི་ཐད་ནས་གཙོ་བོར་གཤམ་གྱི་བྱ་བ་འགར་དམ་འཛིན་བྱེད་དགོས་ཏེ། གཅིག་ནས་ཏང་གི་ཁྱོན་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བའི་ཐད་ཀྱི་འགོ་ཁྲིད་རྒྱུན་འཁྱོངས་བྱེད་དགོས། གཉིས་ནས་མི་དམངས་གཙོར་འཛིན་པ་རྒྱུན་འཁྱོངས་བྱེད་དགོས། གསུམ་ནས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཁྲིམས་སྐྱོང་ལམ་བུ་རྒྱུན་འཁྱོངས་བྱེད་དགོས། བཞི་ནས་རྩ་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ་དང་རྩ་ཁྲིམས་ལྟར་སྲིད་འཛིན་པ་རྒྱུན་འཁྱོངས་བྱེད་དགོས། ལྔ་ནས་ཁྲིམས་སྐྱོང་བགྲོད་ལམ་སྟེང་རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་རྒྱུན་འཁྱོངས་བྱེད་དགོས། དྲུག་ནས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཁྲིམས་སྐྱོང་མ་ལག་རྒྱུན་འཁྱོངས་བྱེད་དགོས། བདུན་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ་དང་ཁྲིམས་ལྟར་ཁྲིམས་འཛིན་པ། ཁྲིམས་ལྟར་སྲིད་འཛིན་པ་དང་། ཁྲིམས་སྐྱོང་རྒྱལ་ཁབ་དང་ཁྲིམས་སྐྱོང་སྲིད་གཞུང་། ཁྲིམས་སྐྱོང་སྤྱི་ཚོགས་བཅས་གཞི་གཅིག་འཛུགས་སྐྲུན་རྒྱུན་འཁྱོངས་བྱེད་དགོས། བརྒྱད་ནས་ཁྱོན་ཡོངས་ནས་ཚན་རིག་དང་མཐུན་པའི་སྒོ་ནས་ཁྲིམས་འཛུགས་པ་དང་བཅའ་ཁྲིམས་ལག་བསྟར་བྱེད་པ། ཁྲིམས་འཛིན་འདྲ་མཉམ། དམངས་ཡོངས་ཀྱིས་ཁྲིམས་བརྩི་སྲུང་བྱེད་པ་རྒྱུན་འཁྱོངས་བྱེད་དགོས། དགུ་ནས་རྒྱལ་ནང་གི་ཁྲིམས་སྐྱོང་དང་ཕྱི་འབྲེལ་ཁྲིམས་སྐྱོང་ལ་གཅིག་གྱུར་འཆར་འགོད་བྱེད་པ་རྒྱུན་འཁྱོངས་བྱེད་དགོས། བཅུ་ནས་སྤྱོད་ཡོན་གཉིས་ལྡན་གྱི་བྱང་ཚད་མཐོ་བའི་ཁྲིམས་སྐྱོང་བྱ་བའི་དཔུང་སྡེ་འཛུགས་སྐྲུན་བྱེད་པ་རྒྱུན་འཁྱོངས་བྱེད་དགོས། བཅུ་གཅིག འགོ་ཁྲིད་ལས་བྱེད་པ་སྟེ་གནད་འགག་གྲངས་ཉུང་དམ་འཛིན་བྱེད་པ་རྒྱུན་འཁྱོངས་བྱེད་དགོས་ཟེར།

རྩོམ་ཡིག་ནང་ནན་གྱིས་བསྟན་དོན། ཁྱོན་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ་ནི་རྒྱལ་ཁབ་བཅོས་སྐྱོང་བྱེད་པའི་འགྱུར་ལྡོག་ཟབ་མོ་ཞིག་ཡིན་པས། ངེས་པར་དུ་ཚན་རིག་གཞུང་ལུགས་མཛུབ་ཁྲིད་དུ་བྱེད་པ་དང་། གཞུང་ལུགས་བསམ་བློ་ལ་ཤུགས་སྣོན་པ། གཞུང་ལུགས་དང་ལག་ལེན་གྱི་ཟུང་འབྲེལ་སྟེང་གྲུབ་འབྲས་གསར་བ་ལེན་པ། ཏང་གི་དུས་རབས་གསར་བའི་ནང་ཁྲིམས་སྐྱོང་འཛུགས་སྐྲུན་ལ་ཤུགས་སྣོན་པའི་བསམ་བློ་གཞུང་ལུགས་ཀྱི་གྲུབ་འབྲས་ལ་སྤྱི་སྡོམ་དང་བཀོལ་སྤྱོད་བཟང་བོ་བྱས་ཏེ། ཁྱོན་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བའི་བྱ་བ་སྣ་ཚོགས་ལ་མཛུབ་ཁྲིད་སྔར་ལས་བཟང་བོ་བྱེད་དགོས་ཟེར།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།