ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཟླ་གཉིས་པའི་ཚེས་ཉེར་ལྔ་ཉིན་གྱི་དགོང་མོར་ཁོ་ལོམ་པི་ཡའི་ཙུང་ཐུང་ཏུའུ་ཁུ་དང་ཁ་པར་གྲོས་མོལ་མཛད།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2021-02-26
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཟླ་གཉིས་པའི་ཚེས་ཉེར་ལྔ་ཉིན་གྱི་དགོང་མོར་ཁོ་ལོམ་པི་ཡའི་ཙུང་ཐུང་ཏུའུ་ཁུ་དང་ཁ་པར་གྲོས་མོལ་མཛད། 

ཞི་ཅིན་ཕིང་གིས་བསྟན་དོན།ཉེ་བའི་ལོ་ཤས་རིང་།ཀྲུང་གོ་དང་ཁོ་ལོམ་པི་ཡ་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་བཟང་བོ་རྟག་བརྟན་ཡིན་ལ།མཉམ་འབྲེལ་ཁྲོད་སྔར་ལས་སྲ་བརྟན་དུ་སོང་ཡོད།པྲོག་གསར་གློ་ཚད་རིམས་ནད་བྱུང་བའི་སྔ་གཞུག་ཏུ་རྒྱལ་ཁབ་གཉིས་ཀྱིས་ཕན་ཚུན་ལ་འཚམས་འདྲི་དང་རྒྱབ་སྐྱོར་བྱས་པས་རྒྱལ་ཁབ་གཉིས་ཀྱི་དཀའ་སྡུག་ལ་མཉམ་དུ་གདོང་གཏད་པའི་མཛའ་བརྩེ་ཟབ་མོ་མཚོན།ཀྲུང་གོ་ཕྱོགས་ཀྱིས་སྔར་བཞིན་གང་ནུས་སྒོས་ཁོ་ལོམ་པི་ཡས་རིམས་འགོག་བྱེད་པར་སྟོབས་ཤུགས་གང་ལེགས་འབུལ་རྒྱུ་དང་།རིམས་འགོག་སྨན་ཁབ་ཐད་མཉམ་འབྲེལ་བྱ་རྒྱུ་ཡིན་གསུངས།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན།ཀྲུང་གོས་ཧུར་ཐག་གིས་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་བཏོད་ནས་ཁོ་ལོམ་པི་ཡར་མཉམ་འབྲེལ་གྱི་གོ་སྐབས་གསར་པ་མཁོ་འདོན་བྱ་རྒྱུ་དང་ཀྲུང་གོ་ཕྱོགས་ཀྱིས་ཁོ་ལོམ་པི་ཡ་དང་མཉམ་དུ་འབད་བརྩོན་བྱས་ནས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་ཇེ་བཟང་དུ་འགྲོ་བར་སྐུལ་འདེད་གཏོང་འདོད་ཡོད་ཅེས་གསུངས་པ་རེད།ཀྲུང་གོ་ཕྱོགས་ཀྱིས་ཀྲུང་གོའི་ཁེ་ལས་ཀྱིས་ཁོ་ལོམ་པི་ཡ་རུ་མ་འཇོག་ལས་གཉེར་བྱེད་པར་སྐུལ་མ་བྱེད་འདོད་ཡོད་ལ།ཁོ་ལོམ་པི་ཡ་ཕྱོགས་དང་མཉམ་དུ་མཉམ་འབྲེལ་རྒྱལ་ཚོགས་སོགས་ཕྱོགས་མང་སྒྲོམ་གཞིའི་ནང་མཉམ་འབྲེལ་ལ་ཤུགས་སྣོན་རྒྱག་འདོད་ཡོད་ཅེས་གསུངས་པ་རེད།

ཏུའུ་ཁུ་ཡིས་ཀྲུང་གོ་མི་དམངས་ཀྱི་ལོ་སར་ལ་འཚམས་འདྲི་དང་རྒྱལ་ལོའི་བཅོ་ལྔའི་དུས་ཆེན་ལ་བཀྲ་ཤིས་བདེ་ལེགས་ཞུས་པ་རེད།ཏུའུ་ཁེ་ཡིས་བསྟན་དོན།ན་ནིང་ནི་ཁོ་ལོམ་པི་ཡ་དང་ཀྲུང་གོའི་དབར་ཕྱི་འབྲེལ་འབྲེལ་བ་བཙུགས་ནས་ལོ་40འཁོར་བའི་ལོ་རེད་ལ།ངས་ཁོ་ལོམ་པི་ཡ་དང་ཀྲུང་གོའི་འབྲེལ་བ་འཕེལ་རྒྱས་ཡག་པོ་བྱུང་བ་དང་།ལྷག་པར་དུ་དཔལ་འབྱོར་ཚོང་དོན་མཉམ་འབྲེལ་ལ་གཡུར་ཟའི་གྲུབ་འབྲས་ཐོབ་པར་དགའ་སྤྲོ་སྐྱེས་ཡོད།ཁོ་ལོམ་པི་ཡ་ཕྱོགས་ཀྱིས་ཀྲུང་གོའི་ཁེ་ལས་སྔར་ལས་མང་བས་མ་འཇོག་བྱ་རྒྱུར་དགའ་བསུ་ཞུ་རྒྱུ་དང་ཀྲུང་གོ་ཕྱོགས་དང་འབྱུང་འགྱུར་གྱི་ལོ40ཡི་འབྲེལ་བ་འཕེལ་རྒྱས་གཏོང་རྒྱུ་ཐུན་མོང་ཐོག་འཆར་འགོད་ཡག་པོ་བྱས་ནས་དཔལ་འབྱོར་ཚོང་དོན་དང་ཚན་རྩལ།རིག་གནས།ལུས་རྩལ་སོགས་ཁྱབ་ཁོངས་ཁག་གི་མཉམ་ལས་གཏིང་ཟབ་ཏུ་བཏང་སྟེ་རྒྱལ་ཁབ་གཉིས་ཀྱི་འབྲེལ་བར་སྔར་ལས་བཟང་བའི་གྲུབ་འབྲས་ཐོབ་པར་སྐུལ་འདེད་གཏོང་རྒྱུའི་རེ་བ་བྱེད་ཀྱིན་ཡོད་ཅེས་གསུངས། ཀྲུང་གོ་ཕྱོགས་ཀྱིས་ཁོ་ལོམ་པི་ཡས་པྲོག་གསར་གློ་ཚད་རིམས་ནད་ལ་འགོག་རྒོལ་ཐད་རྒྱབ་སྐྱོར་བླ་ལྷག་བྱས་པ་དང་ཀྲུང་གོ་ཕྱོགས་ཀྱིས་མཁོ་འདོན་བྱས་པའི་རིམས་འགོག་སྨན་ཁབ་ཀྱིས་ཚེ་སྲོག་འབོར་ཆེན་སྐྱོབ་པར་རོགས་འདེགས་བྱས་པ་འདིས་རྒྱལ་ཁབ་གཉིས་ཀྱི་མཛའ་བརྩེ་ཟབ་མོ་དང་ཚད་མཐོའི་ཡིད་ཆེས་མཚོན་ཡོད་ཅེས་གསུངས་པ་རེད།ཁོ་ལོམ་པི་ཡ་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་རིམས་འགོག་སྨན་ཁབ་མཉམ་འབྲེལ་ལ་མུ་མཐུད་ཤུགས་སྣོན་རྒྱག་རྒྱུའི་རེ་བ་བྱེད་ཀྱི་ཡོད་གསུངས།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།