ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་ཡོངས་དབུལ་ཐར་འགག་སྒྲོལ་གྱི་སྤྱི་བསྡོམས་གཟེངས་བསྟོད་ཚོགས་ཆེན་སྟེང་གི་གསུང་བཤད།

    སྤེལ་དུས། : 2021-02-26
ཡིག་གཟུགས། :ཆུང་། འབྲིང་། ཆེ།

རྒྱལ་ཡོངས་དབུལ་ཐར་འགག་སྒྲོལ་གྱི་སྤྱི་བསྡོམས་གཟེངས་བསྟོད་ཚོགས་ཆེན་སྟེང་གི་གསུང་བཤད།

(2021ལོའི་ཟླ2པའི་ཚེས25ཉིན།)

ཞི་ཅིན་ཕིང་།

བློ་མཐུན་རྣམ་པ། གྲོགས་པོ་རྣམ་པ།

དེ་རིང་ང་ཚོས་གཟབ་རྒྱས་ངང་ཚོགས་ཆེན་འཚོགས་པ་དང་རྔམ་བརྗིད་ལྡན་པའི་སྒོ་ནས་ཁྱབ་བསྒྲགས་བྱས་དོན། ཏང་ཡོངས་དང་རྒྱལ་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ཀྱིས་མཉས་དུ་འབད་བརྩོན་བྱས་པ་བརྒྱུད་དེ། ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་བརྒྱ་འཁོར་བའི་དུས་སྐབས་གལ་ཆེན་བསུ་བའི་སྐབས་འདིར། རང་རྒྱལ་གྱི་དབུལ་ཐར་འགག་སྒྲོལ་གྱི་དམག་འཐབ་ལ་ཁྱོན་ཡོངས་ནས་རྒྱལ་ཁ་ཐོབ་པ་དང་། ད་ལྟ་ལག་བསྟར་བྱེད་བཞིན་པའི་ཚད་གཞི་ལྟར་ན།དབུལ་ཕོངས་ཞིང་སྡེའི་མི་འབོར་ཁྲི9899ཚང་མ་དབུལ་ཕོངས་ལས་ཐར་པ་དང་། དབུལ་ཕོངས་རྫོང832ཚང་མའི་དབུལ་ཕོངས་ཀྱི་ཞྭ་མོ་ཕུད་ཅིང་། དབུལ་ཕོངས་སྡེ་བ་ཁྲི12.8ཚང་མ་དབུལ་ཕོངས་ཀྱི་གྲལ་ནས་བུད་དེ། ས་ཁོངས་རང་བཞིན་དང་སྤྱི་ཡོངས་ཀྱི་དབུལ་ཕོངས་གནད་དོན་ཐག་གཅོད་བྱས་པ་དང་། རྩ་བ་ནས་དབུལ་ཐར་དཀའ་ཚེགས་ཆེ་བའི་ལས་འགན་ལེགས་གྲུབ་བྱུང་ནས། མི་ཡུལ་དུ་ཁྱད་མཚར་ཞིང་འོད་སྟོང་འཕྲོ་བའི་ལོ་རྒྱུས་ཀྱི་དེབ་ཐེར་གསར་པ་ཞིག་བསྐྲུན། འདི་ནི་ཀྲུང་གོའི་མི་དམངས་ཀྱི་རླབས་ཆེ་བའི་གཟི་བརྗིད་དང་། ཀྲུང་གོ་གུང་ཁྲན་ཏང་གི་རླབས་ཆེ་བའི་གཟི་བརྗིད། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེ་བའི་གཟི་བརྗིད་བཅས་ཡིན།

གནས་འདི་ནས། ངས་ཏང་ཀྲུང་དབྱང་གི་ཚབ་བྱས་ཏེ་གཟེངས་བསྟོད་ཐོབ་པའི་སྔོན་ཐོན་མི་སྒེར་དང་སྔོན་ཐོན་ཐུན་མོང་ལ་སྤྲོ་སེམས་འཁོལ་བའི་ངང་ནས་རྟེན་འབྲེལ་ཞུས་པ་ཡིན། དབུལ་ཐར་འགག་སྒྲོལ་བྱ་བར་བྱས་རྗེས་བཞག་པའི་རིམ་པ་ཁག་གི་ཏང་སྲིད་དམག་གསུམ་ལས་ཁུངས་དང་ཁེ་ལས་དང་བྱ་གཞག་ལས་ཁུངས། ཞིང་སྡེའི་རྒྱ་ཆེའི་གཞི་རིམ་རྩ་འཛུགས་དང་ཏང་ཡོན། ལས་བྱེད་པ། མང་ཚོགས་བཅས་དང་སྡེ་སྡོད་ཧྲུའུ་ཅི་དང་པོ་དང་ལས་དོན་རུ་མི། དང་ལེན་པ། དམངས་གཙོ་ཏང་ཁག་དང་། བཟོ་ཚོང་ལས་རིགས་མཉམ་འབྲེལ་ལྷན་ཚོགས། ཏང་ཁག་གང་ལའང་མི་གཏོགས་པའི་མི་སྣ། མི་དམངས་ཚོགས་པ། སྤྱི་ཚོགས་ལས་རིགས་ཚན་ཁག་བཅས་ལ་བླ་ན་མེད་པའི་གུས་འདུད་ཞུས་པ་ཡིན། ཧུར་ཐག་གིས་དབུལ་ཐར་འགག་སྒྲོལ་ནང་ཞུགས་པ་དང་རྒྱབ་སྐྱོར་བྱེད་མཁན་གྱི་ཤང་ཀང་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྤུན་ཟླ་དང་། ཨའོ་མོན་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྤུན་ཟླ། ཐའེ་ཝན་སྤུན་ཟླ། དེ་བཞིན་ཕྱིར་སྡོད་སྤུན་ཟླ་བཅས་དང་ཀྲུང་གོའི་དབུལ་ཕོངས་ཉུང་འཕྲི་བྱ་གཞག་ལ་ཐུགས་ཁུར་དང་རོགས་རམ་བྱེད་མཁན་གྱི་རྒྱལ་ཁབ་ཁག་གི་སྲིད་གཞུང་དང་། རྒྱལ་སྤྱིའི་རྩ་འཛུགས། ཕྱི་རྒྱལ་གྱི་གྲོགས་པོ་བཅས་ལ་སྙིང་ཁོང་ནས་ཐུགས་རྗེ་ཆེ་ཞུས་པ་ཡིན།

བློ་མཐུན་རྣམ་པ། གྲོགས་པོ་རྣམ་པ།

དབུལ་ཕོངས་ནི་མིའི་རིགས་ཀྱི་སྤྱི་ཚོགས་ཀྱི་གཅོང་ནད་ཅིག་ཡིན། དབུལ་ཕོངས་ལ་ངོ་རྒོལ་བྱེད་རྒྱུ་ནི་གནའ་དེང་གི་ཀྲུང་ཕྱིའི་རྒྱལ་སྐྱོང་བདེ་འགོད་ཀྱི་དོན་ཆེན་ཞིག་ཡིན། ཀྲུང་གོའི་ལོ་རྒྱུས་ནི་ཀྲུང་ཧྭ་མི་རིགས་ཀྱིས་མཉམ་དུ་དབུལ་ཕོངས་དང་འཐབ་རྩོད་བྱས་པའི་ལོ་རྒྱུས་ཤིག་ཡིན། ཆུས་ཡོན་གྱིས“ང་ཡིས་ཤུགས་རིང་འཐེན་ཞོར་མིག་ཆུ་དབང་མེད་ཤོར། འཇིག་རྟེན་འཚོ་བ་ཇི་འདྲའི་དཀའ་སྡུག་ཆེ་བ་ལ།”ཞེས་པའི་ཚོར་སྣང་ཟབ་མོ་དང་། ཏུའུ་ཧྥུའུ་ཡི“ཇི་ལྟར་རྒྱ་ཆེ་ཞིང་བརྗིད་ཉམས་ལྡན་པའི་ཁང་པ་ཁྲི་སྟོང་བསྐྲུན་ན། གནམ་འོག་གི་གྲང་ངར་ཁྲོད་ལུས་པའི་དཔེ་ཆ་བ་དབུལ་ཕོངས་རྣམས་དགའ་བར་འགྱུར་ཐུབ།”ཅེས་པའི་ཕུགས་འདུན། དེ་བཞིན་དུ་སུན་ཀྲུང་ཧྲན་གྱི“སྤྱི་ཚོགས་གཏན་འཇགས་ཡིན་པ་དང་འཚོ་རྟེན་ཕུན་སུམ་ཚོགས་པ་ན་མི་དམངས་ལ་བདེ་སྐྱིད་ལྡན”ཞེས་པའི་ཕུགས་འདུན་མངོན་འགྱུར་བྱས། ཚང་མས་ཀྲུང་ཧྭ་མི་རིགས་དབུལ་ཕོངས་ལས་ཐར་བ་དང་ཟས་གོས་ཕུན་སུམ་ཚོགས་པའི་རེ་འདུན་ཟབ་མོ་མཚོན་ཡོད། ཉེ་རབས་ཀྱི་རྗེས་སུ། བཀས་བཀོད་རྒྱུད་འཛིན་གྱི་དབང་སྒྱུར་རུལ་སུངས་སུ་གྱུར་པ་དང་ནུབ་ཕྱོགས་བཙན་དབང་རྒྱལ་ཁབ་ཀྱི་བཙན་འཛུལ་ལ་བརྟེན་ནས་ཀྲུང་གོའི་ཆབ་སྲིད་ཀྱི་གནས་བབ་ལ་གཡོ་འགུལ་བྱུང་ཞིང་ཟིང་ཆ་ལངས་པ། མི་དམངས་འཚོ་ཐབས་བྲལ་བ་བཅས་བྱུང་ནས། དབུལ་ཕོངས་ཀྱི་རྨི་ལམ་ངན་པ་དེས་ཀྲུང་གོའི་མི་དམངས་ལ་དཀའ་ཁག་སྔར་ལས་ཆེན་པོ་བཟོས་ཡོད། དབུལ་ཕོངས་ལས་ཐར་རྒྱུ་ནི་ཀྲུང་གོ་མི་དམངས་ཀྱིས་ཧུར་ཐག་འབད་ཐག་གིས་དོན་གཉེར་བྱེད་པའི་ཕུགས་འདུན་ཞིག་ཏུ་གྱུར་ཡོད་ལ། ཀྲུང་ཧྭ་མི་རིགས་རླབས་ཆེའི་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པའི་ནང་དོན་གལ་ཆེན་ཞིག་ཀྱང་ཡིན།

ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་པའི་ཉིན་ནས་བཟུང་། ཀྲུང་གོ་མི་དམངས་ལ་བདེ་སྐྱིད་བསྐྲུན་པ་དང་ཀྲུང་ཧྭ་མི་རིགས་བསྐྱར་དར་ཡོང་བ་བྱ་རྒྱུ་ནི། ཐོག་མའི་ཕུགས་འདུན་དང་འགན་འཁྲིར་བརྩི་རྒྱུ་མཐའ་འཁྱོངས་སྒོས་ཀྲུང་གོ་མི་དམངས་ཀྱི་མཐུན་སྒྲིལ་ལ་སྣེ་ཁྲིད་དེ། རང་ཉིད་ཀྱི་མཛེས་སྡུག་ལྡན་པའི་འཚོ་བ་བསྐྲུན་ཆེད་ཡུན་རིང་ལ་དཀའ་སྤྱད་འབད་འཐབ་བྱས། དམངས་གཙོ་རིང་ལུགས་གསར་པའི་གསར་བརྗེའི་དུས་སྐབས་སུ། ཏང་གིས་རྒྱ་ཆེའི་ཞིང་པ་རྣམས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་དེ“ཕྱུག་བདག་ལ་རྒོལ་བ་དང་ས་ཞིང་བགོ་བ།” “ཞིང་བར་ས་ཞིང་ཡོད་པ”ལག་བསྟར་བྱས་ཏེ། དབུལ་ཞིང་ཕོངས་པའི་མི་རྣམས་ཡར་ལངས་བཅིངས་འགྲོལ་ཐོབ་པར་རོགས་རམ་བྱས་པར་བརྟེན། ཆེས་རྒྱ་ཆེ་བའི་མི་དམངས་ཀྱིས་རྒྱ་ཁྱབ་ཏུ་རྒྱབ་སྐྱོར་དང་བརྩི་བཀུར་ཐོབ་པ་དང་། ཀྲུང་གོའི་གསར་བརྗེར་རྒྱལ་ཁ་བླངས་ཏེ་ཀྲུང་གོ་གསར་པ་བཙུགས་ནས་དབུལ་ཕོངས་ལས་ཐར་བར་རྩ་བའི་ཆབ་སྲིད་ཀྱི་ཆ་རྐྱེན་བསྐྲུན་། ཀྲུང་གོ་གསར་བ་དབུ་བརྙེས་རྗེས། ཏང་གིས་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་དེ་སྤྱི་ཚོགས་རིང་ལུགས་ཀྱི་གསར་བརྗེ་ལེགས་འགྲུབ་དང་། སྤྱི་ཚོགས་རིང་ལུགས་ཀྱི་གཞི་རྩའི་ལམ་ལུགས་གཏན་འཁེལ་བྱས་ཤིང་། སྤྱི་ཚོགས་རིང་ལུགས་ཀྱི་འཛུགས་སྐྲུན་ལ་སྐུལ་འདེད། མི་དམངས་རྩ་འཛུགས་བྱས་ནས་རང་སྟོབས་རང་སྤེལ་དང་། ཤུགས་སྐྱེད་སྟོབས་སྤེལ། རི་ཀླུང་བསྐྱར་གསོ་བཅས་བྱས་ཏེ། དབུལ་ཕོངས་ལས་ཐར་བ་དང་མི་དམངས་ཀྱི་འཚོ་བ་ལེགས་བཅོས་བྱེད་པར་རྨང་གཞི་བརྟན་པོ་བཏིང་ཡོད། བཅོས་བསྒྱུར་སྒོ་འབྱེད་བྱས་ཚུན་ཏང་གིས་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་དེ་གཞི་ཁྱོན་ཆེ་ཞིང་འཆར་གཞི་ལྡན་ལ་རྩ་འཛུགས་ལྡན་པའི་དབུལ་སྐྱོར་གསར་སྤེལ་དང་། སྤྱི་ཚོགས་ཐོན་སྐྱེད་ནུས་ཤུགས་ཀྱི་བཅིངས་འགྲོལ་དང་འཕེལ་རྒྱས་གཏོང་བར་ཤུགས་བསྣན་པས། སྔ་ན་མེད་པའི་རླབས་ཆེ་བའི་གྲུབ་འབྲས་ཆེན་པོ་བླངས། 

      ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་ལ། ཏང་ཀྲུང་དབྱང་གིས་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་གྱི་ཆེས་དཀའ་ཁག་ཆེ་བ་དང་ཆེས་རྙོག་འཛིང་ཆེ་བའི་ལས་འགན་དེ་ཞིང་སྡེ་རུ་གནས་ཡོད་ལ་ལྷག་པར་དབུལ་ཕོངས་ས་ཁུལ་དུ་གནས་ཡོད་པས། ཞིང་སྡེའི་འབྱོར་འབྲིང་དང་སྒོས་སུ་དབུལ་ཕོངས་ས་ཁུལ་གྱི་འབྱོར་འབྲིང་མེད་ན། ཁྱོན་ཡོངས་ཀྱི་འབྱོར་འབྲིང་སྤྱི་ཚོགས་ཡོད་མི་སྲིད་པའི་བླང་བྱ་གསལ་པོར་བཏོན་ཅིང་། དབུལ་ཕོངས་ནི་སྤྱི་ཚོགས་རིང་ལུགས་མིན་པ་དང་། གལ་ཏེ་དབུལ་ཕོངས་ས་ཁུལ་ཡུན་རིང་ལ་དབུལ་ཕོངས་ཀྱི་གནས་སུ་ལུས་ཤིང་། དབུལ་ཕོངས་ཀྱི་རྣམ་པར་ཡུན་རིང་བོར་འགྱུར་ལྡོག་བྱུང་མ་ཐུབ་པ་དང་། མང་ཚོགས་ཀྱི་འཚོ་བའི་ཆུ་ཚད་ཡུན་རིང་ལ་མངོན་སུམ་སྒོས་མཐོར་འདེགས་བྱུང་མ་ཐུབ་ན། རང་རྒྱལ་སྤྱི་ཚོགས་རིང་ལུགས་ཀྱི་དགེ་མཚན་མངོན་མ་ཐུབ་པ་ཡིན་ལ། དེ་ནི་སྤྱི་ཚོགས་རིང་ལུགས་ཀྱང་མིན་པས། ངེས་པར་སྐད་ཅིག་ཙམ་ལའང་མི་སྡོད་པར་དབུལ་ཐར་འགག་སྒྲོལ་གྱི་བྱ་བ་ལེགས་པོར་འཛིན་དགོས་ཞེས་ནན་གྱིས་བསྟན། 2012ལོའི་ལོ་མཇུག་དང་། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་རྗེས་སུ། ཏང་ཀྲུང་དབྱང་གིས་དམིགས་བསལ་གྱིས་བསྟན་དོན། “འབྱོར་འབྲིང་དུ་སླེབས་མ་སླེབས་པའི་ཁྱད་པར་ནི་ཡུལ་མིར་ལྟ་རྒྱུ་དེ་ཡིན་ཞིང་། དབུལ་ཕོངས་ཡུལ་མི་དབུལ་ཐར་འབྱུང་ཐུབ་མིན་དེ་གནད་འགག་ཡིན།” “ དབུལ་ཕོངས་ས་ཁུལ་གཅིག་དང་དབུལ་ཕོངས་མང་ཚོགས་གཅིག་ཀྱང་གཏན་ནས་ལུས་སུ་མི་འཇུག་པའི”དམ་བཅའ་བཞག་སྟེ། དུས་རབས་གསར་པའི་དབུལ་ཐར་འགག་སྒྲོལ་གྱི་མགོ་བརྩམས། 2013ལོར། ཏང་ཀྲུང་དབྱང་གིས་གནད་ཁེལ་དབུལ་སྐྱོར་གྱི་བསམ་བློ་བཏོན་ཏེ། དབུལ་སྐྱོར་བྱ་བའི་ལམ་སྲོལ་གསར་གཏོད་བྱས། 2015ལོར། ཏང་ཀྲུང་དབྱང་གིས་དབུལ་སྐྱོར་གསར་སྤེལ་བྱ་བའི་ཚོགས་འདུ་བསྡུས་ཤིང་། དབུལ་ཐར་འགག་སྒྲོལ་གྱི་དམིགས་འབེན་མངོན་འགྱུར་བྱེད་པའི་སྤྱིའི་བླང་བྱ་བཏོན་ཏེ། རོགས་སྐྱོར་བྱ་ཡུལ་དང་། ལས་གཞི་བཀོད་སྒྲིག མ་དངུལ་བེད་སྤྱོད། བྱེད་ཐབས་ཁྱིམ་ཚང་དུ་སྐྱེལ་བ། སྡེ་བར་བསྟུན་ནས་མི་མངགས་པ། དབུལ་ཐར་ཕན་འབྲས་བཅས་གནད་ཁེལ་དྲུག་ལག་བསྟར་བྱས་ཤིང་། ཐོན་སྐྱེད་འཕེལ་རྒྱས་དང་། ཡུལ་གཞན་གནས་སྤོར། སྐྱེ་ཁམས་ཁ་གསབ། སློབ་གསོ་འཕེལ་རྒྱས། སྤྱི་ཚོགས་མ་མཐའི་འགན་སྲུང་བཅས“སྐོར་གཅིག་ཅན་ལྔ”ལག་བསྟར་བྱས་ནས། དབུལ་ཐར་འགག་སྒྲོལ་འབད་འཐབ་ཀྱི་སྤྱིའི་བཀའ་རྒྱ་བསྒྲགས། 2017ལོར། ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པས་གནད་ཁེལ་དབུལ་སྐྱོར་ནི་འགག་སྒྲོལ་འབད་འཐབ་ཆེན་མོ་གསུམ་གྱི་གྲས་སུ་བཞག་ཅིང་ཕྱོགས་ཡོངས་ནས་བཀོད་སྒྲིག་བྱས་པ་དང་། ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་པའི་དམིགས་འབེན་ལ་དམ་པོར་དམིགས་ཏེ། ཤིན་ཏུ་དབུལ་པོའི་ས་ཁུལ་གྱི་བཙན་རྫོང་གཏོར་བར་ཤུགས་བསྣན་ནས། དབུལ་ཐར་འགག་སྒྲོལ་ལས་རྣམ་པར་རྒྱལ་ཆེད་བློ་ཐག་རྦད་ཆོད་ཀྱིས་འབད་འཐབ་བྱས། 2020ལོར། པྲོག་གསར་གློ་ཚད་རིམས་ནད་དང་ཆུ་ལོག་གནོད་འཚེ་ཆེན་པོའི་ཤུགས་རྐྱེན་ལ་ནུས་ལྡན་གྱིས་ཁ་གཏོད་ཆེད། ཏང་ཀྲུང་དབྱང་གིས་ཏང་ཡོངས་དང་རྒྱལ་ཡོངས་ཀྱིས་བློ་ཆོད་ཆེན་མོ་དང་སྟོབས་ཤུགས་ཆེན་མོས་དབུལ་ཐར་འགག་སྒྲོལ་གྱི་རྗེས་མཐུད་གནད་དོན་ཐག་གཅོད་དང་། ལས་གཞུག་ལེགས་པོར་བསྡུ་བར་ཡིད་ཆེས་བརྟན་པོ་བཅངས་བ་དང་མཇུག་མཐའི་རྒྱལ་ཁ་ལེན་པར་འབད་པ་ཆེན་མོས་བསྐྱོད་དགོས་ཞེས་བླང་བྱ་བཏོན།

       ལོ་ངོ་བརྒྱད་ཀྱི་རིང་ལ། ཏང་ཀྲུང་དབྱང་གིས་དབུལ་ཐར་འགག་སྒྲོལ་དེ་རྒྱལ་སྐྱོང་སྲིད་གཉེར་གྱི་ལས་དོན་གལ་ཆེན་ཏུ་བརྩིས་ནས། དབུལ་ཐར་འགག་སྒྲོལ་ནི་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱིི་ཚོགས་བསྐྲུན་པའི་ཚད་གཞིའི་ལས་འགན་དུ་བརྩིས་ནས། རྔམ་བརྗིད་ལྡན་པའི་དབུལ་ཐར་འགག་སྒྲོལ་གྱི་མི་དམངས་གཡུལ་འཐབ་རྩ་འཛུགས་བྱས། ཏང་དང་མི་དམངས་ཀྱིས་དཀའ་བ་གདོང་གིས་བསུས་ཤིང་ངལ་བ་ཁྱད་དུ་བསད་དེ། གཟེར་འདེབས་སྙིང་སྟོབས་དར་སྤེལ་དང་། རུས་པ་མཁྲེགས་པོ་འཆའ་ཕོད་པའི་སྙིང་སྟོབས་ལ་བརྟེན་ནས། དབུལ་བོའི་དབུལ་ནག་སེལ་བ་དང་འགག་འཕྲང་ནང་གི་དོག་འཕྲང་གཏོར་ཏེ། དབུལ་ཐར་འགག་སྒྲོལ་ཕྱོགས་ནས་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཆེན་པོ་བླངས།  

      ——ཞིང་སྡེའི་དབུལ་ཕོངས་མི་གྲངས་ཡོད་ཚད་དབུལ་ཐར་བྱུང་སྟེ། ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་ཀྱི་དམིགས་འབེན་ལས་འགན་མངོན་འགྱུར་བྱེད་ཆེད་གནད་འགག་རང་བཞིན་གྱི་བྱས་རྗེས་བཞག ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་ལ། ལོ་རེར་ཆ་སྙོམས་ཀྱིས་མི་ཁྲི1000ལྷག་དབུལ་ཐར་བྱུང་བ་ནི་རྒྱལ་ཁབ་འབྲིང་གྲས་ཤིག་གི་མི་གྲངས་དབུལ་ཐར་བྱུང་བ་དང་མཚུངས། དབུལ་ཕོངས་མི་གྲངས་ཀྱི་ཡོང་འབབ་ཆུ་ཚད་མངོན་སུམ་སྒོས་ཇེ་མཐོར་སོང་བ་དང་། དེ་དག་ཚང་མའི“སེམས་ཁྲལ་མེད་པ་གཉིས་དང་འགན་སྲུང་གསུམ”མངོན་འགྱུར་བྱུང་། དབུལ་ཐར་མང་ཚོགས་ཀྱིས་ལྟོ་གོས་ཕྱོགས་སེམས་ཁྲེལ་བྱེད་མི་དགོས་པ་དང་། འོས་འགན་སློབ་གསོ་དང་གཞི་རྩའི་སྨན་བཅོས། སྡོད་ཁང་བདེ་འཇགས་ལ་འགན་སྲུང་བྱས་ཡོད་ལ། འཐུང་ཆུ་བདེ་འཇགས་ལའང་འགན་སྲུང་ཡོད་པར་གྱུར། དབུལ་ཕོངས་ནད་པ་ཁྲི2000ལྷག་རིགས་དབྱེ་སྐྱོབ་བཅོས་བྱས་ཏེ། དེ་སྔོན་ནད་གདོན་གྱིས་ཟིན་པའི་ཁྱིམ་ཚང་རྣམས་ལ་སླར་ཡང་འཚོ་བའི་རེ་སྨོན་བསྩལ། དབུལ་ཕོངས་མང་ཚོགས་ཁྲི2000ཙམ་གྱིས་དམའ་མཐའི་འཚོ་བའི་འགན་སྲུང་དང་དབུལ་ནག་རོགས་སྐྱོབ་བདག་སྐྱོང་ལོངས་སྤྱོད་བྱས། དཀའ་ཁག་ཅན་དང་དབང་བོ་སྐྱོན་ཅན་མི་ཁྲི2400ལྷག་གིས་འཚོ་བ་དང་སྨན་ཞབས་ཁ་གསབ་བླངས། དབུལ་ཕོངས་མང་ཚོགས་ཁྲི110ལྷག་ནགས་སྲུང་པར་གྱུར་པ་དང་། ཆུ་དྭངས་རི་ལྗང་བསྲུངས་ཏེ་གསེར་རི་དངུལ་རི་མངོན་འགྱུར་བྱས། གངས་ལྗོངས་ས་མཐོ་དང་མྱ་ངམ་ཐང་ཆེན། བྲག་རི་གཡང་གཟར། བས་མཐའི་རི་ཁུལ་སོགས་ག་ས་གང་དུ་ཡང་། དབུལ་ཐར་འགག་སྒྲོལ་གྱི་ཉི་འོད་དྲོད་མོས་མ་ཁྱབ་པའི་གྲུ་ཟུར་གཅིག་ཀྱང་མེད་པས། མི་བགྲང་ལས་འདས་པའི་ལས་དབང་ཡང་དེ་དང་བསྟུན་ནས་འགྱུར་ལྡོག་བྱུང་ཞིང་། མི་བགྲང་ལས་འདས་པ་ཞིག་གི་ཕུགས་འདུན་ཡང་དེ་དང་བསྟུན་ནས་མངོན་འགྱུར་བྱས་ལ། མི་བགྲང་ལས་འདས་པ་ཞིག་གི་བདེ་སྐྱིད་ཀྱང་དེ་དང་བསྟུན་ནས་མངོན་འགྱུར་བྱས། 

——དབུལ་ཐར་ས་ཁུལ་གྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལམ་བུའི་སྟེང་གོམ་སྟབས་ཆེན་པོས་བསྐྱོད་དེ་རྣམ་པ་ཧྲིལ་བོར་ལོ་རྒྱུས་རང་བཞིན་གྱི་འགྱུར་ལྡོག་ཆེན་པོ་བྱུང་བ། དབུལ་ཕོངས་ས་ཁུལ་གྱི་འཕེལ་རྒྱས་གོམས་སྟབས་མངོན་གསལ་གྱིས་ཇེ་མགྱོགས་སུ་སོང་བ་དང་། དཔལ་འབྱོར་སྟོབས་ཤུགས་སྔར་ལས་ཇེ་ཆེར་སོང་ཞིང་། རྨང་གཞི་སྒྲིག་ཆས་འཛུགས་སྐྲུན་ཡར་རྒྱས་ཆེན་པོ་བྱུང་བ་དང་། སྤྱི་ཚོགས་ལས་དོན་ཡར་རྒྱས་བྱུང་བས། ལམ་དུ་བགྲོད་དཀའ་བ་དང་། ཆུ་འཐུང་དཀའ་བ། གློག་བཀོལ་དཀའ་བ། འཕྲིན་གཏོང་དཀའ་བ། སློབ་གྲྭར་འགྲིམས་དཀའ་བ། སྨན་པར་སྟོན་དཀའ་བ་སོགས་ཀྱི་གནད་དོན་ལ་ལོ་རྒྱུས་རང་བཞིན་གྱི་ཐག་གཅོད་བྱས། འོས་འགན་སློབ་གསོའི་དུས་མཚམས་ཀྱི་ཚགས་འཛུགས་བྱང་སྒྲིག་དབུལ་ཕོངས་ཁྱིམ་ཚང་གི་སློབ་མ་ཚང་མ་སློབ་གྲྭར་འགྲོ་ཐུབ་པ་མངོན་འགྱུར་བྱུང་། ཆ་རྐྱེན་ལྡན་པའི་ཤང་དང་གྲོང་རྡལ། སྒྲིག་གཞི་ཚང་བའི་སྡེ་བ་ཡོངས་སུ་ཨར་འདམ་གྱི་གཞུང་ལམ་དང་། འགྲུལ་སྐྱེལ་རླངས་འཁོར། སྦྲགས་སྐྱེལ་རླངས་འཁོར་སོགས་ཤར་གཏོང་བྱས། ཞིང་སྡེའི་གཞུང་ལམ་སྤྱི་ལེ110གསར་དུ་བསྐྱར་སྐྲུན་བྱས་པ་དང་། ལྕགས་ལམ་ལམ་ཐག་སྤྱི་ལེ་ཁྲི3.5གསར་སྣོན་བྱས། དབུལ་ཕོངས་ས་ཁུལ་གྱི་ཞིང་སྡེའི་གློག་དྲའི་གློག་འདོན་ཚད99%ལ་སླེབས་ཤིང་། གློག་དྲ་ཆེ་གྲས་ཁྱབ་ཁོངས་ནང་གི་དབུལ་ཕོངས་སྡེ་བའི་གློག་ཤུགས་བསྡུར་ཚད100%ལ་སླེབས་པ་དང་། དབུལ་ཕོངས་སྡེ་བར་འོད་སྐུད་དང་འཕྲིན་གཏོང4Gབསྡུར་ཚད་ཆ་སྙོམས་ཀྱི98%ལས་བརྒལ་ཡོད། ཁྱིམ་ཚང་ཁྲི790དང་དབུལ་ཕོངས་མང་ཚོགས་ཁྲི2568ཀྱི་ཉེན་ཁང་ལ་བཟོ་བཅོས་ཐོབ་ཅིང་། བསྡོམས་པས་གཅིག་བསྡུས་བདེ་བཀོད་ས་ཁུལ་ཁྲི3.5དང་། བདེ་བཀོད་སྡོད་ཁང་ཁྲི266འཛུགས་སྐྲུན་ལེགས་འགྲུབ་བྱས་པ་དང་མི་གྲངས་ཁྲི960ལྷག་གནས་སྤོ་བྱས་ཤིང་། འགྲིམ་འགྲུལ་མི་བདེ་བའི་རྗེས་ལུས་ཀྱི་རྣམ་པ་བསྒྱུར་ནས་གཞིས་ཁྱིམ་གསར་བར་གནས་སྤར། ཡུལ་མི་གཉེན་ཉེ་མང་པོ་དཔྱངས་ཟམ་གཟར་ལམ་དང་བྲལ་ནས་བདེ་ལམ་དུ་བགྲོད་ཐུབ་པ་དང་། ཚྭ་ཆུ་དང་བྲལ་ནས་དྭངས་གཙང་གི་ཆུ་འཐུང་ཐུབ་པ། ཁ་ཆར་བུ་ཡུག་མི་ཐུབ་པའི་ཁང་རྙིང་དང་བྲལ་ནས་གསལ་ཡངས་ཀྱི་ཐོག་ཁང་དུ་འདུག་ཐུབ་པ་བྱུང་། དབུལ་ཕོངས་ཁྱིམ་ཚང་ཁྲི་སྟོང་གི་བྱིས་པས་ལྷག་པར་དྲང་བདེན་ཡིན་པའི་སློབ་གསོའི་གོ་སྐབས་རེག་ཐུབ་པ་དང་། བྱིས་པ་ཚོ་རི་ཆུ་མང་པོའི་ལམ་བུ་བརྒྱུད་མི་དགོས་པར་སློབ་གྲྭར་བསྡད་ཆོག་པ་དང་སློབ་གྲྭ་ནས་ཟ་མ་ཟོས་ཆོག་པ་མངོན་འགྱུར་བྱུང་། མི་གྲངས་ཅུང་ཉུང་བའི་གྲངས་ཉུང་མི་རིགས28ཚང་མ་དབུལ་ཐར་བྱུང་བ་དང་། ཀྲུང་གོ་གསར་བ་དབུ་བརྙེས་རྗེས་ཀྱི“གོམ་སྟབས་གཅིག་གིས་སྟོང་ལོ་བརྒལ་བའི”སྒོ་ནས་སྤྱི་ཚོགས་རིང་ལུགས་སྤྱི་ཚོགས་སུ་བསྐྱོད་པའི“དྲང་བརྒལ་མི་རིགས”དག་ཀྱང་དབུལ་ཕོངས་རྗེས་ལུས་ནས་ཁྱོན་ཡོངས་སུ་འབྱོར་འབྲིང་སྤྱི་ཚོགས་ཀྱི་ལོ་རྒྱུས་རང་བཞིན་གྱི་མཆོང་བསྐྱོད་ཐེངས་གཉིས་པ་མངོན་འགྱུར་བྱུང་། ཤིན་ཏུ་དབུལ་བོའི་ས་ཁུལ་གྱི་ཆེས་རྗེས་མའི་དབུལ་ཕོངས་བཙན་རྫོང་ལྷག་མེད་གཏོར་བས། དབུལ་ཕོངས་ས་ཁུལ་གྱི་ག་ས་གང་དུ་འགྱུར་ལྡོག་གི་རྣམ་པ་མངོན་ཞིང་། རི་ཆུ་ཡོངས་ལ་མཛེས་སྡུག་ལྡན་པའི་དུས་རབས་ཀྱི་ལེའུ་གསར་བའི་རྣམ་པ་ཁེང་ཡོད། 

——དབུལ་ཕོངས་མང་ཚོགས་ཀྱི་བསམ་བློར་འགྱུར་ལྡོག་བྱུང་ནས་རང་སྟོབས་རང་སྤེལ་གྱི་ཡིད་ཆེས་སྔར་ལས་རྒྱས་ཤིང་། དབུལ་ཐར་འགག་སྒྲོལ་ལ་དངོས་པོའི་གྲུབ་འབྲས་གཡུར་དུ་ཟ་བ་བླངས་པ་མ་ཟད། བསམ་བློའི་གྲུབ་འབྲས་ཆེན་པོའང་བླངས། རྒྱ་ཆེའི་དབུལ་ཐར་མང་ཚོགས་ཀྱིས་ཡར་རྒྱས་ཀྱི་བསམ་བློ་སྐུལ་སྤེལ་བྱས་ཤིང་། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་བརྒྱུད་སྒྲོག་རྒྱ་ཆེན་པོ་བྱས་པས། དཔལ་ཡོན་གྱི་རྣམ་པ་གསར་བ་དར་སྤེལ་དང་། དཀའ་སྤྱད་སྡུག་རུས། འབད་འཐབ་དངོས་འཐབ་དང་། རང་ཉིད་ཀྱི་ལག་པ་གཉིས་ལ་བརྟེན་ནས་བདེ་སྐྱིད་ཀྱི་འཚོ་བ་གསར་སྐྲུན་བྱེད་པའི་སྙིང་སྟོབས་དེ་རྒྱ་ཆེའི་དབུལ་ཕོངས་ས་ཁུལ་དུ་རྒྱ་ཆེར་དར་ཁྱབ་བྱུང་ཡོད། ཡུལ་མི་ཚོར་སྣེ་ཁྲིད་དེ་ལོ་ངོ་བདུན་རིང་ལ་བྲག་ངོས་སུ་ཕྱི་ཕྱོགས་སུ་འགྲོ་བའི་ལམ་བུ་གསར་དུ་བཏོད་པའི་ཁྲུང་ཆིན་གྲོང་ཁྱེར་བུའུ་ཧྲན་རྫོང་ཀྲུའུ་ཞན་ཤང་ཞ་ཀྲོང་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་མའོ་ཞང་ལིན་གྱིས“རི་ལ་བུ་ག་ཕུག་ན། ལམ་བུ་འདོམས་གང་བསྐྱེད་ཐུབ། ང་ཚོ་མི་རབས་འདིས་དཀའ་སྡུག་གི་ལོ་ཟླ་ཅི་འདྲ་སྐྱེད་དགོས་ན་ཡང་། མི་རབས་རྗེས་མར་བདེ་སྐྱིད་ཀྱི་འཚོ་བ་རོལ་དུ་འཇུག་ངེས”ཞེས་བཤད་པ་དང་། དབང་བོ་སྐྱོན་ཅན་དུ་གྱུར་ཀྱང་ཕུགས་འདུན་བརྟན་པོའི་ཡུན་ནན་ཞིང་ཆེན་ཁུན་མིན་གྲོང་ཁྱེར་བུའུ་ལུང་གྲོང་རྡལ་ཕིན་ཙིའི་སྡེ་བའི་པཱ་ཅའོ་ཆིན་ཞའོ་ཙུའུ་སྡེ་བའི་སྡེ་མི་ཀྲང་ཧྲུན་ཏུང་གིས་ང་ཚོ་དབང་བོ་སྐྱོན་ཅན་ཡིན་ནའང་། ང་ཚོའི་བསམ་བློར་སྐྱོན་མེད་ལ་ང་ཚོར་ད་དུང་ཀླད་པ་དང་ལག་པ་ཡོད་པས། སྒྲུབ་འདོད་པ་དེ་སྒྲུབ་ཆོག་ཅེས་བཤད་པ་ལྟར། དབུལ་ཕོངས་མང་ཚོགས་ཀྱི་བསམ་བློའི་འཇིག་རྟེན་དེ་དབུལ་ཐར་འགག་སྒྲོལ་ཁྲོད་སྔར་ལས་ཕུན་སུམ་ཚོགས་པར་གྱུར་བ་དང་། ཡིད་ཆེས་སྔར་བས་བརྟན་པ། རིག་པ་སྔར་བས་གསལ་བ། ཉམས་འགྱུར་སྔར་བས་ལེགས་པོར་བྱུང་བས་ཕྱི་ནང་ཀུན་ཏུ་འགྱུར་ལྡོག་ཟབ་མོ་བྱུང་ཡོད། 

——ཏང་དང་མང་ཚོགས། ལས་བྱེད་པ་དང་མང་ཚོགས་བར་གྱི་འབྲེལ་བ་མངོན་གསལ་སྒོས་ཇེ་ལེགས་སུ་སོང་བ་དང་། ཏང་གི་ཞིང་སྡེའི་སྲིད་འཛིན་རྨང་གཞི་སྔར་ལས་ཇེ་བརྟན་དུ་གྱུར་ཡོད། རིམ་པ་སོ་སོའི་ཏང་རྩ་འཛུགས་དང་རྒྱ་ཆེ་བའི་གུང་ཁྲན་ཏང་ཡོན་གྱིས་ཏང་ཀྲུང་དབྱང་གི་འབོད་སྐུལ་མཐའ་གཅིག་ཏུ་དང་ལེན་བྱས་པ་དང་། སྤྲོ་སེམས་འཁོལ་བའི་ངང་འགན་འཁྲི་ཁུར་ཞིང་། ལག་ལེན་དངོས་ལས་དམ་ཚིག་མངོན་འགྱུར་བྱས་པས། དུ་ཞག་མེད་པའི་གཡུལ་འཐབ་ཁྲོདསེམས་ནུས་ཡོད་རྒུ་བཏོན་ཞིང་བྱས་རྗེས་ཆེན་པོ་བཞག རྒྱ་ཆེའི་དབུལ་སྐྱོར་ལས་བྱེད་པས་བདག་བས་གཞན་གཅེས་སྒོས་དབུལ་ཕོངས་མང་ཚོགས་དང་གྲོགས་སྒྲིག་ཁ་གཏད་ངང་། དུས་རྒྱུན་དུ་འཁང་ར་དང་སུན་སྣང་མེད་པར་བྱ་བར་བླ་ལྷག་ཏུ་བརྩོན་ཞིང་། དཀའ་ཁག་གི་མདུན་དུ་བློ་སྤོབས་འཛོམས་ལ་གནད་འགག་གི་དུས་སུ་དཔའ་ངར་བསྐྱེད། སེམས་ཤུགས་དང་རྔུལ་ཁྲག་རེ་རེ་བགྲང་ལས་འདས་པའི་རི་ཆུ་དང་ཁྱིམ་ཚང་ཁྲི་སྟོང་མང་བོར་གཏོར་ཡོད། ཁོ་ཚོ་ཆེས་མཐོ་བའི་རི་བོར་འཛེགས་ཤིང་། ཆེས་རྩུབ་པའི་ལམ་དུ་བགྲོད་མྱོང་ལ། ཆེས་མཐའ་འཁོབ་ཀྱི་རི་སྡེར་ཕྱིན་མྱོང་བ་དང་། ཆེས་དབུལ་བའི་ཁྱིམ་ཚང་དུ་བསྡད་མྱོང་། གང་ན་དགོས་མཁོ་ཡོད་ན་ཁོ་ཚོའི་གཡུལ་འཐབ་ཀྱང་དེ་ན་ཡོད། ཞིང་སྡེའི་ལས་བྱེད་པ་ལ་ལས“ངས་ལས་དོན་སྒྲུབ་ཐུབ་པའི་བར་དུ། ང་རང་གིས་ནམ་ཡང་འབངས་མིའི་ཆེད་དུ་ལས་དོན་བསྒྲུབ་རྒྱུ་ཡིན། ང་ཚོས་རང་གི་སྡེ་བའི་མང་ཚོགས་རྣམས་ཁྲིད་དེ་སྔར་བས་མཛེས་སྡུག་ལྡན་བའི་འཚོ་བ་རོལ་རྒྱུ་ཡིན ཞེས་དམ་བཅའ་བཞག་ཡོད། ལ་ལས“ང་ནི་གུང་ཁྲན་ཏང་ཡོན་ཞིག་ཡིན། ངས་ངེས་བར་མང་ཚོགས་སྣེ་ཁྲིད་དེ་མང་ཚོགས་ཀྱི་དབུལ་རྐྱེན་རྩ་བ་ནས་སེལ་རྒྱུ་ཡིན”ཞེས་བཤད་ཡོད། གཞི་རིམ་ཏང་རྩ་འཛུགས་ཀྱིས་དབུལ་སེལ་འཐབ་འཁྲུག་བཙན་རྫོང་གི་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས། ཏང་གི་འཛུགས་སྐྲུན་དང་དབུལ་ཐར་སྐུལ་འདེད་ཁྲོད་སྦྱོང་བརྡར་བྱས་ཤིང་། གཅིག་སྒྲིལ་ནུས་པ་དང་འཐབ་རྩོད་ནུས་ཤུགས་མུ་མཐུད་དུ་ཇེ་ཆེར་བཏང་སྟེ། གཞི་རིམ་གྱི་བཅོས་སྐྱོང་ནུས་པ་མངོན་གསལ་དོད་པོས་མཐོར་འདེགས་སུ་བཏང་། དབུལ་ཐར་ས་ཁུལ་གྱི་རྒྱ་ཆེའི་མང་ཚོགས་ཀྱིས་ཏང་གི་བཀའ་བརྩི་ཞིང་ཏང་ལ་དྲིན་གཟོ་བ། ཏང་གི་རྗེས་སུ་འབྲང་བཞིན། ཚང་མས“ཏང་ཡོན་གྱིས་སྣེ་ཁྲིད་པ་དང་། ང་ཚོ་རྗེས་སུ་འབྲངས་ན་དབུལ་ཐར་ལ་རེ་བ་ཡོད”ཞེས་པ་དང་། “ང་ཚོ་རྒྱལ་དར་བསྒྲེང་རྒྱུར་དགའ། རྒྱུ་མཚན་ནི་རྒྱལ་དར་སྟེང་བཀྲ་ཤིས་པའི་རྟགས་མཚན་ཡོངས་སུ་འཛོམས”ཞེས་པ་དང་། “ཆུ་འཐུང་ན་ཁྲོན་པ་བརྐོ་མཁན་མི་བརྗེད་པ་དང་། དབུལ་ཕོངས་ལས་ཐར་ན་གུང་ཁྲན་ཏང་མི་བརྗེད་པ”ཅེས་པའི་འབོད་ཚིག་བསྒྲགས། ཏང་དང་མང་ཚོགས་བར་གྱི་འབྲེལ་བ་དང་ལས་བྱེད་པ་དང་མང་ཚོགས་བར་གྱི་འབྲེལ་བ་སྲ་བརྟན་ངང་འཕེལ་རྒྱས་ཆེན་པོ་བྱུང་ཡོད། 

        ——ང་ཚོས་དབུལ་སྒྲོལ་བཅོས་སྐྱོང་གི་ཀྲུང་གོའི་དཔེ་དབྱིབས་བསྐྲུན་ཏེ། སའི་གོ་ལ་ཧྲིལ་བོའི་དབུལ་སྒྲོལ་བྱ་བར་བྱས་རྗེས་ཆེན་པོ་བཞག་ཡོད། དབུལ་ཕོངས་ལས་ཐར་རྒྱུ་ནི་ད་ལྟའི་བར་འཛམ་གླིང་ཡོངས་ཀྱི་འཕེལ་རྒྱས་དང་བཅོས་སྐྱོང་ཁྲོད་འབུར་དུ་ཐོན་པའི་དཀའ་གནད་ཅིག་ཡིན། བཅོས་བསྒྱུར་སྒོ་འབྱེད་ཀྱི་ཚུན་ཆད་དུ། ད་ལྟ་སྤྱོད་བཞིན་པའི་དབུལ་ཕོངས་ཚད་གཞི་ལྟར་ན། རང་རྒྱལ་དུ་ཞིང་སྡེའི་མི་འབོར་དུང་ཕྱུར7.7དབུལ་ཕོངས་ལས་ཐར་ཞིང་། འཛམ་གླིང་དངུལ་ཁང་གི་རྒྱལ་སྤྱིའི་དབུལ་ཕོངས་ཚད་གཞི་ལྟར་ན། རང་རྒྱལ་གྱི་དབུལ་ཕོངས་ལས་ཐར་བའི་མི་འབོར་དེ་སའི་གོ་ལ་ཧྲིལ་བོའི་དབུལ་ཕོངས་ལས་ཐར་བའི་མི་གྲངས་ཀྱི70ལྷག་ཟིན། ལྷག་པར་སའི་གོ་ལ་ཧྲིལ་བོའི་དབུལ་ཕོངས་གནས་ཚུལ་སྔར་བཞིན་ཛ་དྲག་ཆེ་བ་དང་། རྒྱལ་ཁབ་ལ་ལའི་དབུལ་ཕྱུག་ཧེ་བག་ཇེ་ཆེར་འགྲོ་བའི་རྒྱབ་ལྗོངས་འོག རང་རྒྱལ་གྱིས་ལོ་ངོ10སྔོན་དུ《མཉམ་འབྲེལ་རྒྱལ་ཚོགས་ཀྱི2030ལོའི་རྒྱུན་མཐུད་འཕེལ་རྒྱས་གྲོས་རིམ》སྟེང་བཀོད་པའི་དབུལ་ཐར་དམིགས་འབེན་མངོན་འགྱུར་བྱས་པས། རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་བསྔགས་བརྗོད་ཆེན་པོ་ཐོབ། ང་ཚོས་རྒྱལ་སྤྱིའི་དབུལ་ཕོངས་ཉུང་འཕྲི་མཉམ་ལས་ལ་ཧུར་ཐག་གིས་གཞོལ་བ་དང་། དབུལ་ཕོངས་ཉུང་འཕྲིའི་རྒྱལ་སྤྱིའི་འགན་འཁྲི་བསྒྲུབས་ཏེ། འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ལ་རང་ནུས་ཅི་ལྕོགས་ཀྱིས་རོགས་རམ་བྱས་པ་དང་། འཛམ་གླིང་དབུལ་ཕོངས་ཉུང་འཕྲི་བྱ་གཞག་ཐད་སྐུལ་འདེད་ཀྱི་ནུས་པ་ཐོན། གནའ་ནས་ད་བར་དང་གོ་ལ་ཧྲིལ་བོར་བལྟས་ན། རྒྱལ་ཁབ་གཅིག་གིས་ཀྱང་དུས་ཚོད་འདི་འདྲའི་ཐུང་ཐུང་ནང་མི་འབོར་དུང་ཕྱུར་མང་བོ་དབུལ་ཕོངས་ལས་ཐར་མ་མྱོང་པས། བྱས་རྗེས་འདི་ཀྲུང་གོར་དབང་བ་མ་ཟད། འཛམ་གླིང་ལའང་དབང་བས། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་གསར་འཛུགས་དང་སྐུལ་འདེད་ཕྱོགས་ནས་ཀྲུང་གོའི་ནུས་ཤུགས་ཕུལ་ཡོད། 

ལོ་ངོ8ཀྱི་རིང་ལ། བདག་གིས་སྔ་རྗེས་སུ་ཀྲུང་དབྱང་དབུལ་སྐྱོར་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས7ལ་གཙོ་སྐྱོང་གནང་ཞིང་། ཐེངས50ལྷག་ལ་དབུལ་སྐྱོར་བྱ་བར་བརྟག་ཞིབ་བྱས། གཅིག་སྡུད་ཡུལ་སྦྲེལ་གྱི་དབུལ་ནག་ས་ཁུལ14ལ་བསྐྱོད་དེ། དབུལ་བོ་ངོ་མར་ལྟ་རྟོག་བྱེད་པའི་རྒྱུན་བསྐྱངས་པ་དང་། དབུལ་སྐྱོར་ངོ་མ་བྱས་ཤིང་དབུལ་བོ་ངོ་མར་རོགས་སྐྱོར་བྱས་པ་དང་།   དབུལ་ཐར་ངོ་མ་བཅས་ཀྱི་དོན་དངོས་གནས་ཚུལ་ཤེས་རྟོགས་བྱ་རྒྱུར་མཐའ་འཁྱོངས་བྱས། མང་ཚོགས་དབུལ་བོ་ཚོ་དང་མཉམ་དུ་གླེང་མོལ་དང་ཞིབ་རྩིས་བརྒྱབ་སྟེ། དབུལ་ཐར་འགག་སྒྲོལ་ལས་བྱུང་བའི་འགྱུར་ལྡོག་ཆེན་པོར་དངོས་སུ་རོལ་མྱོང་བྱས། ངས་ས་ཆ་སོ་སོ་ནས་རྒྱ་ཆེའི་དབུལ་ཐར་བྱུང་བའི་མང་ཚོགས་རྣམས་ཀྱིས་ལྷག་བསམ་ཟོལ་མེད་ཀྱི་འཛུམ་མདངས་མཐོང་ཞིང་། དེ་ནི་དབུལ་ཐར་འགག་སྒྲོལ་ལས་དོན་ཁས་ལེན་གྱི་གྲུབ་འབྲས་ཡིན་པ་དང་། རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པར་སེམས་ནུས་ཡོད་རྒུ་བཏོན་པའི་གཟེངས་བསྟོད་ཆེ་ཤོས་ཡིན་པ་མ་ཟད། གསར་བརྗེའི་སྔོན་བྱོན་པ་དང་སྔོན་གཤེགས་དཔའ་བོ་ཚོར་སེམས་གསོ་ཞུ་ཐབས་ཡག་ཤོས་ཤིག་ཀྱང་ཡིན།

བློ་མཐུན་རྣམ་པ། གྲོགས་པོ་རྣམ་པ།

དུས་རབས་ཀྱིས་དཔའ་བོ་སྐྱེད་སྲིང་བྱེད་ལ་རླབས་ཆེན་ནི་སྤྱིར་བཏང་འཚོ་བ་ལས་བྱུང་བ་ཞིག་ཡིན། དབུལ་ཐར་འགག་སྒྲོལ་ལས་དོན་ཁྲོད་དབུལ་སྐྱོར་ལས་བྱེད་པ་ཁྲི་ཕྲག་དུ་མས་ནུས་ཤུགས་ཡོད་རྒུ་ཕུལ་ཏེ། དཀའ་སྤྱད་དངོས་སྒྲུབ་ཀྱིས་དབུལ་བོ་མང་ཚོགས་དང་མཉམ་དུ་བསམ་བློ་གཏོང་བ་དང་། མཉམ་དུ་འཚོ་བ་རོལ་བ། མཉམ་དུ་ལས་དོན་སྒྲུབ་པ་བཅས་བྱས་ཏེ། ཆེས་མཛེས་སྡུག་ལྡན་པའི་ལང་ཚོ་སྒེར་སེམས་མེད་པར་དབུལ་ཐར་ཀྱི་བྱ་གཞག་ཁྲོད་ཕུལ་བ་དང་། མི་སེམས་འགུལ་བའི་སྔོན་ཐོན་བྱས་རྗེས་མང་པོ་བཞག་ཡོད། ལོ་ངོ35ཡི་རིང་ལ་རི་བོ་ཐའེ་ཧང་བརྟན་པོར་སྲུང་བའི“ཡུས་ཀུང་གསར་པ”ལི་པའོ་གོ་དང་། སློབ་གསོའི་དབུལ་སྐྱོར་ཕྱོགས་རང་སྲོག་ཕུལ་ནས། རི་ཁུལ་བུ་མོའི་ཕུགས་འདུན་མངོན་འགྱུར་བྱེད་དུ་འཇུག་མཁན་ཀྲང་ཀུའེ་མེ། དངོས་སྒྲུབ་ལ་བརྟེན་ནས“གཙང་ཆེན་ལ་སྲོག་གི་ཟམ་པ་འདིང་།” ཞེས་པའི་དམ་བཅའ་འཇོག་མཁན་ཧོང་ཏ་ཧྥ་དང་། ཕ་ཡུལ་དུ་ལོག་ནས་བྱས་རྗེས་འཇོག་པ་དང་དུས་རབས་གསར་པའི་ལང་ཚོའི་གླུ་དབྱངས་བརྩམས་པའི་ཧོང་ཝུན་ཞིའུ། དབུལ་ཐར་ཀྱི་ལས་ཡུལ་དང་པོར་རྐང་བཙུགས་ཏེ་སྟོབས་ཤུགས་ཡོད་རྒུས་རྩལ་སྤྲུགས་པའི་ཧོང་ཧྲི་ཡན་སོགས་བློ་མཐུན་རྣམས་དང་། སྒོས་སུ་ཐེངས་འདིར་གཟེངས་བསྟོད་ཐོབ་པའི་སྔོན་ཐོན་མི་སྒེར་དང་ཕུལ་བྱུང་བ་རྣམས་ནི་དེ་དག་གི་འཐུས་ཚབ་ཡིན་ཞིང་། ཁོང་ཚོ་ཁྲོད་ཀྱི་ལ་ལས་ཀྱིས་བཤད་རྒྱུར། “དབུལ་ཐར་འགག་སྒྲོལ་གྱི་བགྲོད་ལམ་ཐོག་མི་ཁྲི་སྟོང་མང་པོ་ཡོད་ལ། ང་ནི་དེའི་ནང་གི་ཆེས་ཕལ་བ་ཞིག་ཡིན།  དོན་དངོས་སུ་ཆེས་མཐའ་མཇུག་ཏུ་སླེབས་པ་དང་ད་ལྟའི་དུས་འདིར་སླེབས་ཚེ། དབུལ་སྐྱོར་ཀྱི་བགྲོད་ལམ་སྟེང་དཀའ་ཚེགས་གང་མང་ཡོད་ཀྱང་དགའ་སྤྲོ་དེ་ལས་ཀྱང་མང་པོ་ཡོད།”  ལ་ལས་བཤད་རྒྱུར། “དངུལ་དང་ནོར་གྱི་དོན་དུ་མིན་ཞིང་སྙན་དང་གྲགས་པའི་དོན་དུ་མིན་ན། ད་གཟོད་ཞིང་པ་རྣམས་ཁྱོད་ལ་ཡིད་ཆེས་ཡོད་པ་དང་། ཁྱོད་ཀྱི་རྗེས་སུ་འབྲངས་སྲིད”ཅེས་བཤད་པ་ལྟར་ཡིན།  ལ་ལས“གཞི་རིམ་དུ་ཟབ་ཞུགས་བྱས་ཏེ་དཔྱད་རྩོམ་ས་གཞི་ཆེན་པོའི་སྟེང་འབྲི་ཐུབ་ཚེ་ད་གཟོད་འཇོན་ཐང་ངོ་མ་ཡིན”ཅེས་བཤད་པ་ལྟར་ཡིན།

དབུལ་ཐར་འགག་སྒྲོལ་གྱི་འཐབ་རྩོད་ཁྲོད། བློ་མཐུན1800ལྷག་ཙམ་དབུལ་ཐར་འགག་སྒྲོལ་གྱི་རྒྱང་སྐྱོད་བགྲོད་ལམ་ཐོག་སྐུ་གཤེགས་པ་དང་། གུང་ཁྲན་ཏང་ཡོན་གྱི་ཐོག་མའི་བསམ་འདུན་དང་འགན་འཁྲི་གསོན་ཉམས་དོད་པོས་མཚོན་པར་བྱས་ཡོད། དབུལ་ཐར་འགག་སྒྲོལ་ཁྲོད་རང་སྲོག་ཤོར་བའི་མི་སྣས་བསྐྲུན་པའི་མཛད་རྗེས་དག་ལོ་རྒྱུས་ཀྱི་དེབ་ཐེར་སྟེང་བཀོད་སྲིད་པས། ཏང་དང་མི་དམངས་ཀྱིས་བརྗེད་མི་སྲིད་ལ།  སྤྱི་མཐུན་རྒྱལ་ཁབ་ཀྱིས་བརྗེད་མི་སྲིད། རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གིས་རང་སྲོག་བློས་གཏོང་མཁན་ཚང་མའི་གཉེན་ཉེ་ཚོར་སེམས་ཁུར་དང་གཅེས་སྐྱོང་བྱས་ཏེ། དབུལ་ཐར་འགག་སྒྲོལ་གྱི་དཔའ་བོ་དང་དཔེ་བཟང་གི་མི་སེམས་འགུལ་བའི་བྱས་རྗེས་དང་བླ་ན་མེད་པའི་སྙིང་སྟོབས་དྲིལ་སྒྲོག་ཤུགས་ཆེན་བྱེད་པ་དང་། རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཀྱིས་ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་བསྐྲུན་རྒྱུ་དང་། ལོ་བརྒྱ་ཕྲག་གཉིས་པའི་འབད་འཐབ་དམིགས་འབེན་མངོན་འགྱུར་ཡོང་ཕྱིར་ཁྲབ་གྱོན་མཚོན་ཐོགས་དང་བློ་ཁོག་ཆེན་པོས་བྱས་རྗེས་གསར་བ་འཇོག་པར་སྐུལ་ལྕག་གཏོང་སྲིད། 

བློ་མཐུན་རྣམ་པ། གྲོགས་པོ་རྣམ་པ།

དབུལ་ཐར་འགག་སྒྲོལ་ལ་འཛམ་གླིང་གི་སྐྱེ་བོ་ཀུན་གྱིས་དོ་སྣང་ཆེན་པོ་བྱེད་པའི་གྲུབ་འབྲས་ཐོབ་པ་ནི། ཏང་གི་འགྱུར་མེད་སྟོབས་ལྡན་གྱི་མགོ་ཁྲིད་དང་། ཀྲུང་ཧྭ་མི་རིགས་ཀྱི་རང་སྟོབས་རང་སྤེལ་དང་དཀའ་སྤྱད་འབད་འཐབ་ཀྱི་བསམ་པའི་གཤིས་རྒྱུད་ལ་རག་ལས་པ་མ་ཟད། ཀྲུང་གོ་གསར་པ་དབུ་བརྙེས་པ་ནས་ནང་སྒོས་སུ་བཅོས་བསྒྱུར་སྒོ་འབྱེད་ཚུན་ཆད་དུ་བསགས་པའི་དངོས་པོའི་རྨང་གཞི་བརྟན་པོར་རག་ལས་ཤིང་། སྐབས་རེ་རེའི་ཏང་གི་མགོ་ཁྲིད་ཀྱི་ལས་གཞོལ་བརྟན་སྲུང་ལ་རག་ལས་པ་དང་། ཏང་ཡོངས་དང་རྒྱལ་ཡོངས་རིགས་སོ་སོའི་མི་དམངས་ཀྱི་མཐུན་སྒྲིལ་འབད་འཐབ་བཅས་ལ་རག་ལས་པ་རེད། ང་ཚོས་རང་རྒྱལ་གྱི་དངོས་ཡོད་གནས་ཚུལ་གཞི་བྱས་ཏེ། དབུལ་འཕྲི་ཆོས་ཉིད་ལ་བྱང་ཆུབ་པ་བྱས་རྗེས།  རྒྱུན་སྤྱོད་བྱེད་ཐབས་ལས་མཆོག་ཏུ་གྱུར་བའི་སྲིད་ཇུས་དང་བྱེད་ཐབས་རབ་དང་རིམ་པ་བཏོན་ཞིང་། ལག་བསྟར་གྱི་ཕན་ནུས་ཆེན་པོ་ལྡན་པའི་སྲིད་ཇུས་མ་ལག་དང་ལས་དོན་མ་ལག ལམ་ལུགས་མ་ལག་བཅས་གཏན་ལ་ཕབ་ནས། ཀྲུང་གོའི་ཁྱད་ཆོས་ལྡན་པའི་དབུལ་འཕྲི་བགྲོད་ལམ་དུ་བསྐྱོད་པ་དང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་དབུལ་ཕོངས་ལ་རྒོལ་པའི་རིགས་པའི་གཞུང་ལུགས་ཆགས་པ་རེད།

——ཏང་གི་མགོ་ཁྲིད་རྒྱུན་འཁྱོངས་བྱས་ཏེ། དབུལ་ཐར་འགག་སྒྲོལ་ཐད་ལ་འགྱུར་མེད་སྟོབས་ལྡན་གྱི་ཆབ་སྲིད་དང་རྩ་འཛུགས་ཀྱི་འགན་ལེན་མཁོ་འདོན་བྱས། ང་ཚོས་ཏང་ཀྲུང་དབྱང་གི་དབུལ་ཐར་འགག་སྒྲོལ་ལ་གཅིག་སྡུད་གཅིག་གྱུར་གྱི་མགོ་ཁྲིད་མཐའ་འཁྱོངས་བྱས་ཏེ། དབུལ་ཐར་འགག་སྒྲོལ་དེ“ཕྱོགས་ལྔ་གཞི་གཅིག”གི་སྤྱིའི་བཀོད་སྒྲིག་དང“ཕྱོགས་ཡོངས་བཞིའི”འཐབ་ཇུས་བཀོད་སྒྲིག་ནང་བཅུག་ནས ། སྤྱི་འདོམས་འཆར་འགོད་དང་སྐུལ་འདེད་ཤུགས་ཆེན་བྱས། ང་ཚོས་ཀྲུང་དབྱང་གིས་སྤྱི་ཁྱབ་བཀོད་འདོམས་དང་ཞིང་ཆེན་གྱིས་སྤྱི་འགན་འཁུར་བ། གྲོང་ཁྱེར་དང་རྫོང་གིས་དོན་འཁྱོལ་དམ་འཛིན་བྱེད་པ་བཅས་ཀྱི་ལས་དོན་ལམ་སྲོལ་ལ་ཤུགས་བསྣན་ཏེ། རིམ་པ་ལྔའི་ཧྲུའུ་ཅི་ཡིས་དབུལ་སྐྱོར་དམ་འཛིན་དང་ཏང་ཡོངས་སྐུལ་སློང་གིས་འགག་སྒྲོལ་སྐུལ་འདེད་གཏོང་བའི་རྣམ་པ་བསྐྲུན། ང་ཚོས་དབུལ་ཐར་འགག་སྒྲོལ་གྱི་མགོ་ཁྲིད་གཙོ་བོའི་འགན་འཁྲིའི་ལམ་ལུགས་ལག་བསྟར་བྱས་པ་དང་། དབུས་ནུབ་རྒྱུད་ཀྱི་ཞིང་ཆེན22ཀྱི་ཏང་སྲིད་ཀྱི་འགན་འཁུར་བློ་མཐུན་གཙོ་བོས་ཀྲུང་དབྱང་དང་དབུལ་ཐར་འགག་སྒྲོལ་གྱི་འགན་འཁྲིའི་ཡི་གེར་མིང་རྟགས་བཀོད་པ་དང“དམག་བཀའ་ཁུར་ལེན་ཞུ་ཡིག”བཞག་སྟེ། དབུལ་ཐར་འགག་སྒྲོལ་སྐབས་སུ་དབུལ་ཕོངས་རྫོང་གི་ཏང་སྲིད་མགོ་ཁྲིད་ཀྱི་བརྟན་བརླིང་རྒྱུན་འཁྱོངས་བྱས། ང་ཚོས་སྡེ་བའི་ཏང་རྩ་འཛུགས་ལྟེ་བ་ཡིན་པའི་སྡེ་བ་རིམ་པའི་རྩ་འཛུགས་འཛུགས་སྐྲུན་དམ་འཛིན་ལེགས་པོ་བྱས་ནས། གཞི་རིམ་ཏང་རྩ་འཛུགས་ཀྱིས་མང་ཚོགས་སྣེ་ཁྲིད་དེ་དབུལ་ཐར་ཕྱུག་འགྱུར་གྱི་དམག་འཐབ་བཙན་རྫོང་ཞིག་ཏུ་འཛུགས་སྐྲུན་བྱས། ང་ཚོས་སྟོབས་ཤུགས་གཅིག་སྒྲིལ་སྒོས་དབུལ་ཐར་འགག་སྒྲོལ་གྱི་གཡུལ་འཐབ་གཙོ་བོར་ཕྱོགས་པ་དང་། རྒྱལ་ཡོངས་སུ་བསྡོམས་པས་སྡེ་བའི་བཅའ་སྡོད་ལས་དོན་རུ་ཁག་ཁྲི25.5དང་ཧྲུའུ་ཅི་དང་པོ་དང་སྡེ་བའི་བཅའ་སྡོད་ལས་བྱེད་པ་ཁྲི300ལྷག་ཙམ་མངགས་གཏོང་བྱས་ཏེ། ཤང་དང་གྲོང་རྡལ་གྱི་ལས་བྱེད་པ་ཁྲི200ཙམ་དང་སྡེ་བའི་ལས་བྱེད་པ་ཁྲི་བརྒྱ་ཕྲག་དུ་མ་དང་མཉམ་དུ་དབུལ་སྐྱོར་གྱི་འཐབ་ས་དང་པོར་འབད་འཐབ་བྱས་ཤིང་། བཀྲག་མདངས་འཚེར་བའི་ཏང་གི་དར་ཆ་ཐོག་མཐའ་བར་གསུམ་དུ་དབུལ་ཐར་འགག་སྒྲོལ་གྱི་གཡུལ་འཐབ་གཙོ་བོར་ལྷབ་ལྷུབ་ཏུ་སྐྱོད་པར་བྱས།

ཀྲུང་གོ་གུང་ཁྲན་ཏང་ལ་བློ་བརྟན་འགྱུར་མེད་ཀྱི་མགོ་ཁྲིད་ནུས་པ་དང་རྩ་འཛུགས་ཀྱི་ནུས་པ། ལག་བསྟར་གྱི་ནུས་པ་བཅས་ལྡན་པ་མ་ཟད། མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ་འགག་སྒྲོལ་དཀའ་སེལ་དང་གསར་འབྱེད་མདུན་སྐྱོད་ཀྱི་བློས་འགེལ་ཆོག་པའི་མགོ་ཁྲིད་ནུས་ཤུགས་ལྡན་ཡོད། ང་ཚོས་ཐོག་མཐའ་བར་གསུམ་དུ་ཏང་གི་མགོ་ཁྲིད་མཐའ་འཁྱོངས་བྱས་ན། མདུན་སྐྱོད་ཀྱི་བགྲོད་ལམ་སྟེང་གི་དཀའ་ངལ་དང་ཉེན་ཁ་གང་རུང་ལས་རྣམ་པར་རྒྱལ་ནས་མི་དམངས་ཀྱིས་བདེ་སྐྱིད་ལྡན་པའི་འཚོ་བར་བཅངས་པའི་ཕུགས་འདུན་རྒྱུན་ཆད་མེད་པར་མངོན་འགྱུར་བྱེད་ཐུབ་པ་དོན་དངོས་ཀྱི་ཐོག་ནས་ར་སྤྲོད་གང་ལེགས་བྱས་ཡོད།

——མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས་བྱས་ཏེ་བློ་བརྟན་འགྱུར་མེད་ངང་ཐུན་མོང་ཕྱུག་འགྱུར་གྱི་བགྲོད་ལམ་སྟེང་བསྐྱོད་དགོས། “རྒྱལ་ཁབ་སྐྱོང་བའི་ཐབས་ལམ་ནི་མི་དམངས་ཕྱུག་འགྱུར་གྱི་སྟེང་ནས་མགོ་རྩོམ་པ་ཡིན།” ང་ཚོས་ཐོག་མཐའ་བར་གསུམ་དུ་མི་དམངས་ཀྱི་ལངས་ཕྱོགས་སྲ་བརྟན་དུ་གཏོང་བ་དང་། དབུལ་ཕོངས་མེད་པར་བཟོ་བ་། དམངས་འཚོ་ལེགས་བཅོས། ཐུན་མོང་ཕྱུག་འགྱུར་གྱི་ལམ་དུ་བསྐྱོད་པ་བཅས་ནི་སྤྱི་ཚོགས་རིང་ལུགས་ཀྱི་ངོ་བོའི་བླང་བྱ་དང་། ང་ཚོའི་ཏང་གིས་བློ་གཅིག་སེམས་གཅིག་གིས་མི་དམངས་ལ་ཞབས་འདེགས་ཞུ་བའི་རྩ་བའི་དམིགས་ཡུལ་མཐའ་འཁྱོངས་བྱེད་པའི་མཚོན་ཚུལ་ཡིན་ལ། ཏང་དང་སྲིད་གཞུང་གི་འགན་འཁྲི་གལ་ཆེན་ཞིག་ཀྱང་ཡིན་པ་ནན་གྱིས་བསྟན་ཡོད། ང་ཚོས་མང་ཚོགས་ཀྱི་བློ་ཡིད་ཚིམ་ཚད་དེ་དབུལ་ཐར་གྱི་ཕན་འབྲས་དཔྱད་འཇོག་གི་ཚད་གཞི་གལ་ཆེན་ཞིག་ཏུ་བརྩིས་ནས་རྡོག་རྩ་གཅིག་སྒྲིལ་གྱིས་དབུལ་ཕོངས་མང་ཚོགས་ཀྱི་གཞི་རྩའི་དམངས་འཚོའི་དགོས་མཁོ་ཐག་གཅོད་བྱེད་དགོས། ང་ཚོས་སྲིད་གཞུང་གི་མ་དངུལ་གཏོང་བའི་གཙོ་གཞི་དང་གཙོ་ཁྲིད་ནུས་པ་འདོན་སྤེལ་བྱས་ཏེ། ལས་གཞི་ཆེན་པོ་ཁ་ཤས་ཇེ་ཉུང་དུ་སོང་རུང་སྔོན་ལ་དབུལ་ཐར་འགག་སྒྲོལ་གྱི་མ་དངུལ་ལ་འགན་སྲུང་བྱེད་དགོས། ལོ8རིང་ཀྲུང་དབྱང་དང་ཞིང་ཆེན། གྲོང་ཁྱེར་དང་རྫོང་བཅས་ཀྱི་ནོར་སྲིད་ཕྱོགས་ནས་ཆེད་དོན་དབུལ་སྐྱོར་མ་དངུལ་བསྡོམས་པས་སྒོར་དུང་ཕྱུར་ཁྲི1.6ཙམ་བཏང་ཞིང་། དེའི་ནང་ཀྲུང་དབྱང་ནོར་སྲིད་ཀྱིས་བསྡོམས་པས་མ་དངུལ་སྒོར་དུང་ཕྱུར6601བཏང་ཡོད། དབུལ་ཐར་འགག་སྒྲོལ་གྱི་འབད་འཐབ་མགོ་བརྩམས་པ་ནས་བཟུང་། ས་ཞིང་འཕར་ཆག་གི་དམིགས་ཚད་ཞིང་ཆེན་གྱི་ས་ཁོངས་ལས་བརྒལ་ཏེ་སྙོམས་སྒྲིག་བྱེད་པ་དང་ཞིང་ཆེན་གྱི་ས་ཁོངས་སུ་འཁོར་རྒྱུག་བྱས་པའི་མ་དངུལ་སྒོར་དུང་ཕྱུར4400ལྷག་ཟིན་ལ། དབུལ་སྐྱོར་ཐད་ཀྱི་འབོར་ཉུང་ཡིད་རྟོན་དངུལ་བུན་བསྡོམས་པས་སྒོར་དུང་ཕྱུར7100ལྷག་དང་དབུལ་སྐྱོར་དངུལ་བུན་བསྐྱར་མ་བསྡོམས་པས་སྒོར་དུང་ཕྱུར6688འགྲེམས་གཏོང་བྱས་པ་དང་། དངུལ་རྩའི་གནད་ཁེལ་དབུལ་སྐྱོར་དངུལ་བུན་སྒོར་དུང་ཕྱུར་ཁྲི9.2འགྲེམས་གཏོང་བྱས། ཤར་རྒྱུད་ཀྱི་ཞིང་ཆེན་དང་གྲོང་ཁྱེར9ཡིས་དབུལ་སྐྱོར་རོགས་ལས་ས་ཁུལ་ལ་ནོར་སྲིད་ཀྱི་རོགས་སྐྱོར་དང་སྤྱི་ཚོགས་ཀྱི་རོགས་སྐྱོར་མ་དངུལ་སྒོར་དུང་ཕྱུར1005ལྷག་བཏང་།  ཤར་རྒྱུད་ས་ཁུལ་ཁེ་ལས་ཀྱིས་དབུལ་སྐྱོར་རོགས་ལས་ས་ཁུལ་ལ་བསྡོམས་པས་མ་དངུལ་སྒོར་དུང་ཕྱུར་ཁྲི1ལྷག་ཙམ་བཏང་བ་སོགས་ལྟ་བུ་ཡིན། ང་ཚོས་ནོར་སྲིད་ཀྱི་ཞིང་འབྲེལ་མ་དངུལ་ཧྲག་སྡུད་དང་བེད་སྤྱོད་ལ་སྤྱི་འདོམས་བྱས་ནས་དབུལ་སྐྱོར་མ་དངུལ་གྱི་ལྟ་སྐུལ་དོ་དམ་བྱེད་ཤུགས་ཆེ་རུ་བཏང་སྟེ། མ་དངུལ་མཁོ་གལ་ཆེ་སར་སྤྱོད་པར་ཁག་ཐེག་བྱས། མ་དངུལ་འབོར་ཆེན་བཏང་བ་དེས་དབུལ་ཐར་འགག་སྒྲོལ་འབད་འཐབ་ལ་རྒྱལ་ཁ་ཐོབ་པར་མ་དངུལ་ཕྱོགས་ནས་འགན་སྲུང་ཆེན་པོ་བྱས་ཡོད།

ཏང་དང་རྒྱལ་ཁབ་ཀྱི་ལས་དོན་ཁག་ཡག་པོ་བསྒྲུབ་པར་ངེས་པར་རྒྱ་ཆེའི་མི་དམངས་ཀྱི་རྩ་བའི་ཁེ་ཕན་མངོན་འགྱུར་དང་། སྲུང་སྐྱོང་། འཕེལ་རྒྱས་ཡག་པོ་བྱེད་པ་དེ་ལས་དོན་མཐའ་དག་གི་མགོ་འཛུགས་ས་དང་དོན་ལ་འབབ་སར་བརྩིས་ནས། རང་རྟོགས་ཀྱིས་བཅོས་བསྒྱུར་འཕེལ་རྒྱས་ཀྱི་གྲུབ་འབྲས་མི་དམངས་ཡོངས་ལ་སྔར་བས་དྲང་བཞག་གི་སྒོ་ནས་ཕན་པར་བྱེད་དགོས་པ་དོན་དངོས་ཀྱིས་ར་སྤྲོད་བྱས་ཡོད། ང་ཚོས་དུས་དང་རྣམ་པ་ཀུན་དུ་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས་བྱས་ཏེ་བྱ་བ་རེ་རེ་བཞིན་དང་། ལོ་རེ་བཞིན་བསྒྲུབས་ན་མི་དམངས་མང་ཚོགས་རྣམས་ཁྱོན་ཡོངས་ནས་ཕྱུག་པོར་འགྱུར་བར་སྐུལ་འདེད་གཏོང་ནུས་པ་རེད།

——རང་རྒྱལ་གྱི་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱིས་སྟོབས་ཤུགས་གཅིག་སྡུད་བྱས་ནས་དོན་ཆེན་སྒྲུབ་ཐུབ་པའི་ཆབ་སྲིད་ཀྱི་ལེགས་ཆ་འདོན་སྤེལ་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ། དབུལ་ཐར་འགག་སྒྲོལ་གྱི་ཐུན་མོང་གི་བསམ་འདུན་དང་ཐུན་མོང་གི་བྱ་སྤྱོད་ཅིག་ཆགས་པར་བྱེད་དགོས། ང་ཚོས་ཏང་ཡོངས་དང་རྒྱལ་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་དང་སྤྱི་ཚོགས་ཀྱི་ཕྱོགས་སོ་སོའི་སྟོབས་ཤུགས་ལ་སྐུལ་སློང་ཆེན་པོ་བྱས་ཏེ་ཐུན་མོང་སྒོས་དབུལ་ཕོངས་རྒྱང་དུ་བསྐྱུར་རྒྱུའི་དམག་བརྡ་གཏང་རྒྱུ་དང་། རྒྱལ་ཡོངས་ཀྱི་གོང་འོག་ཚང་མ་བློ་སེམས་གཅིག་མཐུན་དང་། མཉམ་ཤུགས་འགག་སྒྲོལ། ཏང་སྲིད་དམག་དམངས་ལ་སློབ་སྦྱོང་བྱེད་པའི་ངར་ཤུགས་ཕྱོགས་གཅིག་ཏུ་སྒྲིལ་བར་བྱས་ཏེ་ཤར་ལྷོ་ནུབ་བྱང་བཅས་ཚང་མ་རྡོག་རྩ་གཅིག་ཏུ་སྒྲིལ་དགོས། ང་ཚོས་ཤར་རྒྱུད་དང་ནུབ་རྒྱུད་ཀྱི་དབུལ་སྐྱོར་མཉམ་ལས་ལ་ཤུགས་བསྣན་ནས་ཞིང་ཆེན་དང་གྲོང་ཁྱེར། རྫོང་བཅས་རིམ་པ་སོ་སོས་ཁ་གཏད་རོགས་སྐྱོར་བྱེད་པར་སྐུལ་འདེད་གཏོང་རྒྱུ་དང་། ཤེས་ལྡན་མི་སྣ་དང་མ་དངུལ། ལག་རྩལ་བཅས་དབུལ་ཕོངས་ས་ཁུལ་དུ་འཁོར་རྒྱུག་བྱ་རྒྱུར་སྐུལ་འདེད་གཏོང་དགོས། ང་ཚོས་གནད་ཁེལ་དབུལ་སྐྱོར་བྱ་རྒྱུ་རྩ་འཛུགས་བྱས་ཏེ་ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་སྡེ་ཁག་སོ་སོ་དང་། དམངས་གཙོའི་ཏང་ཤོག མི་དམངས་ཚོགས་པ། རྒྱལ་ཁབ་ལ་དབང་བའི་ཁེ་ལས། མི་དམངས་དམག་དཔུང་སོགས་ཚང་མས་ཧུར་ཐག་སྒོས་རྒྱལ་ཁབ་ཀྱི་གཏན་འཁེལ་བྱས་པའི་དབུལ་སྐྱོར་གསར་སྤེལ་ལས་དོན་གྱི་གཙོ་གནད་རྫོང་ཚང་མར་ཁ་གཏད་རོགས་སྐྱོར་ལས་ཁུངས་གཏན་འཁེལ་བྱེད་དགོས། ལས་རིགས་ཁག་གིས་ཆེད་ལས་ཀྱི་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ནས་ཐོན་ལས་དབུལ་སྐྱོར་དང་། ཚན་རྩལ་དབུལ་སྐྱོར། སློབ་གསོ་དབུལ་སྐྱོར། རིག་གནས་དབུལ་སྐྱོར། བདེ་ཐང་དབུལ་སྐྱོར། འཛད་སྤྱོད་དབུལ་སྐྱོར་བཅས་ཀྱི་བྱེད་སྒོ་སྤེལ་དགོས། དམངས་གཉེར་ཁེ་ལས་དང་སྤྱི་ཚོགས་རྩ་འཛུགས། སྤྱི་དམངས་མི་སྒེར་བཅས་ཀྱིས་སྤྲོ་སྣང་དང་བཅས“ཁེ་ལས་ཁྲི་ཡིས་སྡེ་བ་ཁྲི་ལ་རོགས་རམ”བྱེད་པའི་བྱ་འགུལ་ནང་ཞུགས་དགོས། ང་ཚོས་ཆེད་དོན་དབུལ་སྐྱོར་དང་ལས་རིགས་དབུལ་སྐྱོར། སྤྱི་ཚོགས་དབུལ་སྐྱོར་བཅས་ཕན་ཚུན་གསབ་རེས་བྱེད་པའི་དབུལ་སྐྱོར་ཆེན་པོའི་རྣམ་པ་བཏོད་དེ་ས་ཁུལ་དང་སྡེ་ཁག ལས་ཁུངས་བཅས་བརྒལ་ནས་སྤྱི་ཚོགས་ཧྲིལ་བོས་མཉམ་གཅིག་ཏུ་སྤྱི་ཚོགས་ཀྱི་དབུལ་སྐྱོར་མ་ལག་ནང་ཞུགས་དགོས། དབུལ་ཕོངས་དགེ་སྒྲུབ་ཀྱི་བྱ་སྤྱོད་ཁྲི་སྟོང་མང་པོས་སྤྱི་ཚོགས་ཀྱི་བརྩེ་སེམས་ཆེན་པོ་མཚོན་པ་དང་། རི་སྒུལ་མཚོ་སྐྱོམ་གྱི་སྟོབས་ཤུགས་ཆེན་པོ་གཅིག་ཏུ་བསྡུས་ཡོད།

དོན་དངོས་ཀྱིས་བདེན་དཔང་བྱས་པ་ལྟར། ཀྲུང་གོ་གུང་ཁྲན་ཏང་གི་མགོ་ཁྲིད་དང་རང་རྒྱལ་གྱི་སྤྱི་ཚོགས་རིང་ལུགས་ལམ་ལུགས་ནི་ཉེན་ཁ་འགྲན་སློང་འགོག་པ་དང་སྟོབས་ཤུགས་གཅིག་སྒྲིལ་གྱིས་འགག་སྒྲོལ་དཀའ་སེལ་གྱི་རྩ་བའི་འགན་ལེན་ཡིན། ང་ཚོས་ཏང་གི་མགོ་ཁྲིད་མཐའ་འཁྱོངས་དང་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བགྲོད་ལམ་ཐོག་བློ་བརྟན་འགྱུར་མེད་ངང་མདུན་དུ་བསྐྱོད་ཚེ། དབུལ་ཐར་འགག་སྒྲོལ་ལྟ་བུའི་དོན་ཆེན་དང་དཀའ་གནད་སྔར་ལས་མང་པོ་སེལ་ནས་རྒྱལ་ཁ་གསར་པའི་ཕྱོགས་སུ་རྒྱུན་ཆད་མེད་པར་སྐྱོད་ཐུབ་པ་ཡིན།

—གནད་ཁེལ་དབུལ་སྐྱོར་གྱི་ཐབས་ཇུས་མཐའ་འཁྱོངས་ཀྱིས་འཕེལ་རྒྱས་ཀྱི་བྱ་ཐབས་སྤྱད་དེ་དབུལ་པོའི་འབྱུང་རྐྱེན་མེད་པར་གཏོང་དགོས། ང་ཚོས་ཐོག་མཐའ་བར་གསུམ་དུ་དབུལ་ཐར་འགག་སྒྲོལ་གྱི་གནད་འགག་ནི་གནད་ལ་ཁེལ་དགོས་བ་དང་གཙོ་གནད་ནི་གནད་ཁེལ་ཡོང་རྒྱུ་དེ་ཡིན་ཞེས་ནན་གྱིས་བསྟན། ང་ཚོས་དབུལ་སྐྱོར་བྱ་ཡུལ་ལ་ཞིབ་ཚགས་ཅན་གྱི་དོ་དམ་ལག་ལེན་བྱས་པ་དང་། དབུལ་སྐྱོར་ཐོན་ཁུངས་བཀོད་སྒྲིག་གནད་ཁེལ་བྱ་རྒྱུ། དབུལ་སྐྱོར་བྱ་ཡུལ་ལ་གནད་ཁེལ་ཅན་གྱི་རོགས་སྐྱོར་བྱ་རྒྱུ་བཅས་མཐའ་འཁྱོངས་བྱས་པ་དང་། རྒྱལ་ཡོངས་ཀྱི་ཚགས་འཛུགས་བྱང་སྒྲིག་གི་ཆ་འཕྲིན་མ་ལག་བཙུགས་ནས་དབུལ་སྐྱོར་བྱ་ཡུལ་གྱིས་དངོས་གནས་སྤྱོད་ཐུབ་པ་དང་། དབུལ་ཕོངས་ས་ཁུལ་གྱིས་དངོས་གནས་སྤྱོད་ཐུབ་པར་འགན་ལེན་ཏན་ཏིག་བྱས་ཡོད། སུ་ལ་རོགས་སྐྱོར་དང་སུ་ཡིས་རོགས་སྐྱོར། ཇི་ལྟར་རོགས་སྐྱོར། ཇི་ལྟར་དབུལ་སེལ་བྱེད་པ་སོགས་ཀྱི་གནད་དོན་ལ་དམིགས་ནས། ང་ཚོས་སྲིད་ཇུས་ཀྱི་ཆ་སྡེབ་བྱེད་ཐབས་ཆ་ཚང་ཞིག་སྤྱད་དེ། གྲོང་ཚོ་དང་དུད་ཚང་། མི་སྒེར་དང་བསྟུན་ནས་སྲིད་ཇུས་ལག་བསྟར་དང་། དབུལ་ཕོངས་ཀྱི་རྒྱུ་རྐྱེན་ལ་སྲིད་ཇུས་ལག་བསྟར། དབུལ་ཕོངས་རིགས་དབྱེ་ལ་སྲིད་ཇུས་ལག་བསྟར་བྱས་ནས། ནད་ལ་བསྟུན་ནས་སྨན་བཅོས་བྱས་ཏེ་དབུལ་ཕོངས་ཀྱི་རྩ་བ་གཅོད་པའི་ནུས་པ་དངོས་སུ་འདོན་སྤེལ་བྱས་ཡོད། ང་ཚོས་འབད་བརྩོན་ཆེན་པོས་དབུལ་སྐྱོར་གནད་དུ་འཁེལ་བ་དང་། དབུལ་ཕོངས་ཀྱི་འབྱུང་རྩ་འགོག་པ། ཁྱིམ་ཚང་དབུལ་སེལ་བཅས་བྱས་ཏེ། ཆ་སྙོམས་གྲངས་འབོར་གྱིས་མང་ཆེ་བ་འགེབས་གསང་བྱེད་པ་སྔོན་འགོག་བྱ་རྒྱུའི་རེ་བ་བཏོན་ཡོད། ང་ཚོས་གསར་སྤེལ་གྱི་རྣམ་པའི་དབུལ་སྐྱོར་བྱེད་ཕྱོགས་མཐའ་འཁྱོངས་དང་། འཕེལ་རྒྱས་གཏོང་རྒྱུ་དེ་དབུལ་ཕོངས་སེལ་བའི་རྩ་བའི་ཐབས་ལམ་དུ་བརྩི་རྒྱུ་མཐའ་འཁྱོངས་དང་། འཕེལ་རྒྱས་ཆ་རྐྱེན་ཇེ་ལེགས་སུ་གཏོང་བ། འཕེལ་རྒྱས་ཀྱི་ནུས་པ་ཆེ་རུ་གཏོང་བ། “ཁྲག་འདྲེན་རྣམ་པའི”དབུལ་སྐྱོར་ནས“ཁྲག་སྐྲུན་རྣམ་པའི”རོགས་སྐྱོར་ལ་བསྒྱུར་བ་དང་། འཕེལ་རྒྱས་གཏོང་རྒྱུ་དེ་དབུལ་ཕོངས་མེད་པར་བཟོ་བའི་བྱ་ཐབས་ནུས་ལྡན་དང་བདེ་སྐྱིད་ཀྱི་འཚོ་བ་གཏོད་པའི་ཐབས་ལམ་བརྟན་ཤོས་ཤིག་ཏུ་འགྱུར་བ་བཅས་བྱེད་དགོས། ང་ཚོས་སློབ་གསོ་ཞེས་པའི་དབུལ་ཐར་ཕྱུག་འགྱུར་གྱི་རྩ་བའི་ཐབས་ཇུས་འདིར་རྩེ་གཅིག་ཏུ་དམིགས་ཏེ། ཇི་འདྲ་དབུལ་ནའང་སློབ་གསོ་དབུལ་མི་རུང་བ་དང་། ཇི་འདྲ་དབུལ་ནའང་བྱིས་པ་དབུལ་མི་རུང་བའི་བསམ་བློར་བརྟེན་ནས། བྱིས་པ་འགྲོ་མགོ་ཚུགས་ས་ནས་ཕམ་དུ་མི་འཇུག་པ་བཅས་ལ་ནན་བཤད་བྱས་ཏེ། བྱིས་པ་ཚང་མར་མི་ཚེའི་ངོ་མཚར་ལྡན་པའི་གོ་སྐབས་ཡོད་པར་འབད་བརྩོན་བྱས་ནས་མི་རབས་ནས་མི་རབས་རྒྱུད་པའི་དབུལ་ཕོངས་གཏན་འགོག་ཅི་ཐུབ་བྱས་ཡོད།

གནད་འཁེལ་དབུལ་སྐྱོར་ནི་དབུལ་ཐར་འགག་སྒྲོལ་དམག་འཐབ་ལ་རྒྱལ་ཁ་ལེན་པའི་ཐབས་མཆོག་ཅིག་དང་། གསར་སྤེལ་རྣམ་པའི་དབུལ་སྐྱོར་བྱེད་ཕྱོགས་ནི་ཀྲུང་གོའི་ཁྱད་ཆོས་ཀྱི་དབུལ་བོ་ཉུང་འཕྲི་ཡི་བགྲོད་ལམ་གྱི་ཁྱད་ཆོས་མངོན་གསལ་ཞིག་ཡིན། ང་ཚོས་ཚན་རིག་དང་མཐུན་པའི་བྱེད་ཐབས་གནད་ཁེལ་མཐའ་འཁྱོངས་དང་ལས་ཀའི་བླང་བྱ་གནད་འཁེལ་དོན་འཁྱོལ་བྱེད་པ། འཕེལ་རྒྱས་ཀྱི་བྱེད་ཐབས་ལ་བརྟེན་ནས་འཕེལ་རྒྱས་དོ་མི་མཉམ་པ་དང་འཕེལ་རྒྱས་གང་ལེགས་མིན་པའི་གནད་དོན་ཐག་གཅོད་བྱ་རྒྱུ་མཐའ་འཁྱོངས་བཅས་བྱས་ན། ད་གཟོད་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་དམངས་འཚོ་ལེགས་བཅོས་བྱེད་པར་ཚན་རིག་དང་མཐུན་པའི་ཐབས་ལམ་དང་ཡུན་རིང་གི་སྒུལ་ཤུགས་འདོན་སྤྲོད་བྱེད་ཐུབ་པ་དོན་དངོས་ཀྱི་ཐོག་ནས་ར་སྤྲོད་གང་ལེགས་བྱས་ཡོད།

—རྒྱ་ཆེའི་དབུལ་བོ་མང་ཚོགས་ཀྱི་ཧུར་བརྩོན་རང་བཞིན་དང་རང་འགུལ་རང་བཞིན། གསར་གཏོད་རང་བཞིན་བཅས་སྐུལ་སློང་བྱ་རྒྱུ་མཐའ་འཁྱོངས་བྱས་ནས་དབུལ་སྒྲོལ་གྱི་ནང་གནས་སྒུལ་ཤུགས་འཕེལ་བར་བྱས། “ཕུགས་འདུན་གྱི་དཀའ་གནད་ནི། གཞན་ལས་རྒྱལ་ཁ་ཐོབ་རྒྱུ་ཙམ་མིན་པར། རང་གི་རྒྱལ་ཁ་ལས་རྒྱལ་ཁ་ལེན་རྒྱུ་དེ་ཡིན”ཞེས་པ་ལྟར། དབུལ་ཐར་བྱེད་པ་ལ་ངེས་པར་བསམ་བློའི་འདུ་ཤེས་ཐད་ཀྱི་དབུལ་ཕོངས་ལས་ཐར་དགོས། ང་ཚོས་མི་དམངས་མང་ཚོགས་ཀྱི་བདེ་སྐྱིད་ལྡན་པའི་འཚོ་བར་ཡིད་སྨོན་བྱེད་པ་དེ་དབུལ་ཐར་འགག་སྒྲོལ་གྱི་སྒུལ་ནུས་སྟོབས་ཆེན་ཞིག་ཏུ་བསྒྱུར་རྒྱུར་དོ་སྣང་བྱས་ནས་དབུལ་སྐྱོར་དང་བློ་སྐྱོར། རིག་སྐྱོར་བཅས་ཟུང་འབྲེལ་དང་། སྒོར་ཁུག་དང་ཀླད་ཤེས་ཕྱུག་པོར་བསྒྱུར་ནས། དབུལ་ཕོངས་མང་ཚོགས་ཀྱིས་དཀའ་སྤྱད་འབད་བརྩོན་དང་ཞུམ་མེད་ཀྱི་སྙིང་སྟོབས་ལ་བརྟེན་ནས་དབུལ་ཐར་དང་ལས་དབང་འགྱུར་ལྡོག་གཏོང་རྒྱུར་ཁྲིད་སྟོན་བྱས་ཡོད། ང་ཚོས་དབུལ་ཕོངས་མང་ཚོགས་ཀྱིས“ལེ་ལོ་སྒྱིད་ལུག་གིས་འཚོ་བ་ལས་འབད་འབུངས་ཡར་བརྩོན་བྱས་ན་བཟང་བའི”འདུ་ཤེས་སྐྱེད་པར་ཁྲིད་སྟོན་བྱས་ཏེ། “ཡིད་ཆེས་ཡོད་ན་གང་སར་རེ་བས་ཁེངས”ཞེས་པའི་ངར་ཤུགས་སློང་བ་དང་། “སྔོན་ལ་དབུལ་ཕོངས་རོགས་སྐྱོར་དང་། སྙིང་རུས་བསྐྱེད་ན་དོན་རྣམས་འགྲུབ”པའི་སེམས་ཤུགས་ཇེ་ཆེར་བཏང་ནས། ཁོ་ཚོའི་སེམས་པར་སྤྲོ་སྣང་བསྩལ་ཞིང་ལག་ལེན་བྱེད་དགོས། དབུལ་ཐར་མང་ཚོགས་ཀྱིས“ད་ལྟ་རྒྱལ་ཁབ་ཀྱི་སྲིད་ཇུས་ཡག་པོ་ཡོད་པས་ང་ཚོས་རེ་སྒུག་མི་བྱེད་པ་དང་བབ་ལྟ་མི་བྱེད་པར། རང་སྟེང་ནས་བྱ་བ་སྒྲུབ་ཐུབ་པའི་སྙིང་སྟོབས་དར་སྤེལ་བཏང་ཚེ་འཚོ་བ་ཡག་པོ་ཞིག་རོལ་ཐུབ་ངེས་རེད”། “འཚོ་བས་ང་ལ་བསྒྱུར་བཅོས་བྱས། ངས་ཀྱང་འཚོ་བར་འགྱུར་ལྡོག་བཏང”ཞེས་བཤད།

མི་དམངས་ནི་དཔའ་བོ་ངོ་མ་ཡིན་པ་དང་། མི་དམངས་མང་ཚོགས་ཀྱིས་རང་སྟོབས་རང་སྤེལ་དང་དཀའ་སྤྱད་འབད་བརྩོན་བྱེད་པའི་ནང་གནས་སྒུལ་ཤུགས་ལ་སྐུལ་སློང་གཏོང་རྒྱུ་དེ་མི་དམངས་མང་ཚོགས་ཀྱིས་རང་ཉིད་ཀྱི་མཛེས་སྡུག་ལྡན་པའི་འཚོ་བ་གསར་གཏོད་བྱེད་པར་གལ་འགངས་ཤིན་ཏུ་ཆེ་བ་ཞིག་ཡིན། ང་ཚོས་ཐོག་མཐའ་བར་གསུམ་དུ་མི་དམངས་ཀྱི་ཆེད་དུ་མི་དམངས་ལ་བརྟེན་པ་དང་། མི་དམངས་མང་ཚོགས་ཀྱི་གཙོ་གཞིའི་གོ་གནས་དང་གསར་གཏོད་སྙིང་སྟོབས་ལ་བརྩི་འཇོག མི་དམངས་མང་ཚོགས་ཀྱི་བློ་གྲོས་དང་སྟོབས་ཤུགས་སྔོག་འདོན་གང་ལེགས་བྱས་ན། མི་རྣམས་ཀྱིས་མིག་དཔེར་ལྟ་འོས་པའི་མི་ཡུལ་གྱི་མཛད་རྗེས་ངོ་མཚར་ཅན་སྔར་ལས་མང་པོ་བསྐྲུན་ཐུབ་པ་དོན་དངོས་ཐོག་ནས་ར་སྤྲོད་གང་ལེགས་བྱས་ཡོད།

——སེམས་ཤུགས་གཅིག་སྒྲིལ་གྱིས་དཀའ་ངལ་ཁྱད་བསད་དང་མཐུན་སྒྲིལ་རོགས་རེས་ཀྱི་སྤྱོད་བཟང་དར་སྤེལ་གཏོང་རྒྱུ་མཐའ་འཁྱོངས་བྱས་ནས། སྤྱི་ཚོགས་ཡོངས་ཀྱིས་དབུལ་སྐྱོར་དཀའ་སེལ་གྱི་རྣམ་པ་བཟང་པོ་གཏོད་དགོས།  ང་ཚོས་སྤྱི་ཚོགས་ཡོངས་ཀྱིས་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་ལག་བསྟར་བྱེད་པར་སྐུལ་འདེད་གཏོང་བ་དང་།  ཀྲུང་ཧྭ་མི་རིགས་ཀྱིས་ཕན་ཚུན་ལ་རོགས་རེས་དང་།  སེམས་ཤུགས་གཅིག་སྒྲིལ་གྱིས་དཀའ་ངལ་ཁྱད་བསད། དབུལ་སྐྱོར་དཀའ་སེལ་བྱེད་པ་བཅས་ཀྱི་སྲོལ་རྒྱུན་སྤྱོད་བཟང་རྒྱུན་འཛིན་བྱས་ནས་སྤྱི་ཚོགས་ལས་རིགས་ཁག་གིས་དབུལ་ཕོངས་མང་ཚོགས་ལ་སེམས་ཁུར་དང་།  དབུལ་ཕོངས་ཇེ་ཉུང་དུ་གཏོང་བའི་བྱ་གཞག་ལ་སེམས་ཁུར།  དབུལ་ཐར་བྱ་འགུལ་ནང་ཞུགས་པར་ཁྲིད་སྟོན་བྱེད་དགོས།  ང་ཚོས་སྤྱི་ཚོགས་སྐུལ་སློང་གི་ལམ་སྲོལ་འཐུས་ཚང་དུ་བཏང་ནས་སྤྱི་ཚོགས་ནང་ཞུགས་པའི་ལས་སྟེགས་སྐྲུན་པ་དང་། སྤྱི་ཚོགས་ཀྱི་རོགས་སྐྱོར་བྱེད་སྟངས་གསར་གཏོད་བཅས་བྱས་ཏེ་མི་ཚང་མ་རང་འཐད་ཡིན་པ་དང་ཚང་མས་སྒྲུབ་ཐུབ་པ།  ཚང་མས་ནུས་ཤུགས་འདོན་ཐུབ་པ་བཅས་ཀྱི་སྤྱི་ཚོགས་རོགས་སྐྱོར་གྱི་རྣམ་པ་ཞིག་གྲུབ་ཡོད།

སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་དང་ཀྲུང་ཧྭའི་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་ནི་མི་སེམས་གཅིག་ཏུ་སྒྲིལ་བ་དང་དམངས་སྟོབས་གཅིག་ཏུ་སྡུད་པའི་སྟོབས་ཤུགས་ཆེན་པོ་ཞིག་ཡིན།  ང་ཚོས་ཀུན་སྤྱོད་ཀྱི་འཚོལ་སྙེག་བརྟན་བརླིང་དུ་བཏང་སྟེ།  སྤྱི་ཚོགས་ཡོངས་དགེ་སྒྲུབ་ཀྱི་ལམ་དུ་བསྐྱོད་པར་རྒྱུན་ཆད་མེད་པར་སྐུལ་སྤེལ་བྱས་ན།  ཀྲུང་ཧྭ་མི་རིགས་ཀྱིས་རླུང་བརྟེན་རླབས་གཤག་དང་གོམ་སྟབས་ཆེན་པོས་མདུན་དུ་སྐྱོད་པར་འཛད་མཐའ་མེད་པའི་བསམ་པའི་སྟོབས་ཤུགས་མཁོ་འདོན་བྱེད་ཐུབ་པ་དོན་དངོས་ཀྱིས་ར་སྤྲོད་གང་ལེགས་བྱས་ཡོད། 

——བདེན་འཚོལ་དོན་གཉེར་དང་གཟབ་ནན་ལས་བརྩོན་བྱ་རྒྱུ་རྒྱུན་འཁྱོངས་བྱས་ཏེ་དབུལ་སྐྱོར་ངོ་མ་བྱེད་པ་དང་དབུལ་བོ་ངོ་མ་སྐྱོར་བ། དབུལ་ཐར་ངོ་མ་བཅས་བྱེད་དགོས།   ང་ཚོས་ཕྱོགས་ཡོངས་ནས་ཏང་ནན་གྱིས་སྐྱོང་བའི་བླང་བྱ་དེ་དབུལ་ཐར་འགག་སྒྲོལ་གྱི་བརྒྱུད་རིམ་ཧྲིལ་བོར་ཁྱབ་གདལ་དུ་བཏང་སྟེ་མིག་མཐོང་ལག་ཟིན་གྱིས་དབུལ་ཐར་འགག་སྒྲོལ་མཐའ་གཅིག་ཏུ་དམ་འཛིན་བྱེད་དགོས།  ང་ཚོས་འགྱུར་མེད་ཕྱོགས་སྟོན་དང་སྒྲིག་སྲོལ་ནན་མོ་འབུར་ཏུ་བཏོད་དེ་ཕྱི་ཚུལ་ཙམ་དང་འགྲོ་ལུགས་ཙམ་སྟེ། ཕྱི་ཡི་བཟོ་ལྟ་་སྟོན་པ་ཙམ་གྱི་བྱ་བ་མི་བྱེད་པ་དང་། གནད་དོན་ཆེ་ན་བསྐྱུར་བ་དང་ཤུགས་བཏོན་པ་གནད་དུ་འཁེལ་མེད་པ། དོན་དངོས་དང་མི་མཐུན་པའི“ངོ་སྲུང་ལས་གཞི”སྤེལ་བ་བཅས་ལ་ངོ་རྒོལ་མཐའ་གཅིག་ཏུ་བྱེད་པ། ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་ལ་ངོ་རྒོལ་མཐའ་གཅིག་ཏུ་བྱེད་པ་བཅས་ཀྱི་ཐོག་ནས་ལས་དོན་ཐམས་ཅད་དབུལ་ཕོངས་མང་ཚོགས་ཀྱི་གནད་དོན་དངོས་ཐག་གཅོད་བྱ་རྒྱུའི་ཐད་དོན་འཁྱོལ་ཡོང་བ་བྱེད་དགོས།  ང་ཚོས་དཔྱད་ཞིབ་དང་དཔྱད་དཔོག་ནན་ཏན་གྱིས་ལག་བསྟར་བྱེད་པ་དང་།  དབུལ་སྐྱོར་ཁྱབ་ཁོངས་ཀྱི་རུལ་སུངས་དང་སྤྱོད་ཚུལ་གྱི་གནད་དོན་ཆེད་དོན་བཅོས་སྐྱོང་བྱས་ཏེ་ཕྱོགས་ཡོངས་ནས་ལྟ་སྐུལ་མ་ལག་འཛུགས་པ་དང་།   དབུལ་ཐར་གྱི་གྲུབ་འབྲས་དངོས་ཀྱིས་ལོ་རྒྱུས་དང་མི་དམངས་ཀྱི་ཞིབ་བཤེར་ཐེག་ཐུབ་པ་བྱེད་དགོས། 

བཀོད་སྒྲིག་ལས་དངོས་འབེབས་ལ་ཤུགས་བསྣན་ནས་དངོས་འཛིན་དངོས་སྒྲུབ་དང་།  དཀའ་སྤྱད་སྡུག་རུས་ཀྱིས་དབུལ་ཐར་འགག་སྒྲོལ་དམག་འཐབ་ལ་རྒྱལ་ཁ་ཐོབ་ཐུབ་པར་འགན་ལེན་བྱས་ཡོད། ང་ཚོས་དོན་དངོས་སྒྲུབ་ནས་རྒྱལ་ཁབ་དར་རྒྱས་དང་དངོས་སྒྲུབ་དམངས་ཕན་རྒྱུན་འཁྱོངས་བྱས་ན། ད་གཟོད་ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་དུ་འཛུགས་སྐྲུན་བྱེད་པའི་རྒྱལ་ཁབ་ཀྱི་རླབས་ཆེའི་འཆར་གཞི་དེ་གོམ་པ་རེ་རེ་བཞིན་མངོན་འགྱུར་བྱེད་ཐུབ་པ་དོན་དངོས་ཀྱིས་ར་སྤྲོད་གང་ལེགས་བྱས་ཡོད།

ཉམས་མྱོང་དང་ངོས་འཛིན་གལ་ཆེན་འདི་དག་ནི་རང་རྒྱལ་གྱི་དབུལ་ཐར་འགག་སྒྲོལ་གྱི་རིགས་པའི་གཞུང་ལུགས་ཀྱི་སྙིང་བཅུད་དང་།  མར་ཁེ་སིའི་རིང་ལུགས་ཀྱི་དབུལ་ཕོངས་ལ་རྒོལ་པའི་རིགས་པའི་གཞུང་ལུགས་ཀྲུང་གོ་ཅན་དུ་བསྒྱུར་བའི་གྲུབ་འབྲས་གསར་ཤོས་ཡིན་པས།  ངེས་པར་དུ་ཡུན་རིང་མཐའ་འཁྱོངས་བྱ་དགོས་པ་མ་ཟད་རྒྱུན་ཆད་མེད་པར་འཕེལ་རྒྱས་སུ་གཏོང་དགོས། 

བློ་མཐུན་རྣམ་པ།  གྲོགས་པོ་རྣམ་པ། 

རླབས་ཆེན་གྱི་བྱ་གཞག་ལས་རླབས་ཆེན་གྱི་སྙིང་སྟོབས་འཕེལ་བ་དང་། རླབས་ཆེན་གྱི་སྙིང་སྟོབས་ཀྱིས་རླབས་ཆེན་གྱི་བྱ་གཞག་ལ་ཁྲིད་སྟོན་བྱེད་ཀྱིན་ཡོད། དབུལ་ཐར་འགག་སྒྲོལ་གྱི་རླབས་ཆེའི་འཐབ་རྩོད་ཀྱིས“གོང་འོག་མཐུན་སྒྲིལ་དང་ཧྲག་དམག་གཡུལ་ཞུགས། གནད་ཁེལ་དངོས་གཉེར། གསར་འབྱེད་གསར་གཏོད། འགག་སྒྲོལ་དཀའ་སེལ། མི་དམངས་ཀྱི་རེ་བ་སྟོང་ཟད་དུ་མི་གཏོང་བ”བཅས་ཀྱི་དབུལ་ཐར་འགག་སྒྲོལ་གྱི་སྙིང་སྟོབས་ཤིག་ཆགས་ཡོད། དབུལ་ཐར་འགག་སྒྲོལ་གྱི་སྙིང་སྟོབས་ནི་ཀྲུང་གོ་གུང་ཁྲན་ཏང་གི་ངོ་བོ་དང་དམིགས་ཡུལ། ཀྲུང་གོ་མི་དམངས་ཀྱི་འདུན་པ་དང་གཤིས་རྒྱུད། ཀྲུང་ཧྭ་མི་རིགས་ཀྱི་སྙིང་སྟོབས་བཅས་གསོན་ཉམས་ལྡན་པའི་མཚོན་ཚུལ་ཞིག་དང་།  རྒྱལ་གཅེས་རིང་ལུགས་དང་།  ཐུན་མོང་རིང་ལུགས།  སྤྱི་ཚོགས་རིང་ལུགས་བཅས་ཀྱི་བསམ་བློ་གཅིག་བསྡུས་ཀྱིས་མཚོན་ཡོད་ལ།  དེ་ནི་ཀྲུང་གོའི་སྙིང་སྟོབས་དང་ཀྲུང་གོའི་རིན་ཐང་། ཀྲུང་གོའི་སྟོབས་ཤུགས་བཅས་གང་ལེགས་ཀྱིས་མངོན་ཡོད་པས། དེས་རླབས་ཆེའི་མི་རིགས་ཀྱི་སྙིང་སྟོབས་དང་དུས་རབས་ཀྱི་སྙིང་སྟོབས་མུ་མཐུད་དུ་རྒྱུན་འཛིན་བྱས་པ་ཞིག་ཀྱང་རེད། ཏང་ཡོངས་དང་རྒྱལ་ཡོངས། སྤྱི་ཚོགས་ཡོངས་ཀྱིས་དབུལ་ཐར་འགག་སྒྲོལ་གྱི་སྙིང་སྟོབས་དར་སྤེལ་ཤུགས་ཆེར་བཏང་ནས། མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་དང་དཔའ་ངར་ཆེན་པོས་འབད་འཐབ་བྱས་ཏེ་མདུན་སྐྱོད་ལམ་བུའི་ཐོག་གི་དཀའ་ངལ་དང་ཉེན་ཁ་སྣ་ཚོགས་ལས་མཐའ་གཅིག་ཏུ་རྣམ་པར་རྒྱལ་ནས། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཐའ་འཁྱོངས་དང་འཕེལ་རྒྱས་གཏོང་བར་རྒྱལ་ཁ་གསར་བ་ལེན་དགོས། 

བློ་མཐུན་རྣམ་པ། གྲོགས་པོ་རྣམ་པ། 

དབུལ་ཐར་འགག་སྒྲོལ་གྱི་རྒྱལ་ཁ་ཕྱོགས་ཡོངས་ནས་བླངས་པར་བརྟེན་ནས། ང་ཚོའི་ཏང་གིས་མི་དམངས་ལ་མཐུན་སྒྲིལ་སྒོས་སྣེ་ཁྲིད་བྱས་ཏེ་བདེ་སྐྱིད་ལྡན་པའི་འཚོ་བ་སྐྲུན་པ་དང་། ཐུན་མོང་གིས་ཕྱུག་འགྱུར་ལམ་དུ་བསྐྱོད་པའི་བགྲོད་ལམ་སྟེང་གོམ་པ་བརྟན་པོ་སྤོས་པ་མཚོན་ཡོད། དེ་དང་ཆབས་ཅིག དབུལ་ཐར་བྱུང་སྟེ་དབུལ་ཞྭ་ཕུད་རྒྱུ་ནི་མཇུག་མཐའི་དམིགས་འབེན་མ་ཡིན་པར་འཚོ་བ་གསར་བ་དང་འབད་བརྩོན་གསར་བ་བྱེད་པའི་མགོ་རྩོམ་ས་ཡིན། འཕེལ་རྒྱས་དོ་མི་མཉམ་པ་དང་ཆ་ཚང་མིན་པའི་གནད་དོན་ཐག་གཅོད་བྱེད་པ་དང་། ཤང་གྲོང་གི་ས་ཁོངས་འཕེལ་རྒྱས་ཀྱི་བར་ཁྱད་ཇེ་ཆུང་དུ་གཏོང་བ། མིའི་ཕྱོགས་ཡོངས་འཕེལ་རྒྱས་དང་དམངས་ཡོངས་ཐུན་མོང་ཕྱུག་འགྱུར་གྱི་ལམ་དུ་བསྐྱོད་པར་སྔར་བཞིན་ལས་འགན་ལྕི་ལ་ལམ་ཐག་རིང་བས། ང་ཚོར་ང་རྒྱལ་ཁེངས་དྲེགས་དང་ལྷོད་གཡེང་སྒྱིད་ལུག་གི་རྣམ་པ་ཅི་ཡང་མེད་པར་ངེས་པར་བབ་བསྟུན་འཕྲལ་སྒྲུབ་དང་། མུ་མཐུད་དུ་འབད་བརྩོན་ལྷོད་མེད་བྱེད་དགོས།

“རྒྱལ་ཁ་ལེན་རྒྱུ་མི་དཀའ་སྟེ། རྒྱལ་ཁར་རྒྱུན་སྐྱོང་རྒྱུ་ནི་ཁག་པའོ།” ང་ཚོས་དབུལ་ཐར་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་པའི་བྱ་བ་དང་གྲོང་གསེབ་དར་རྒྱས་ཀྱི་ལས་དོན་གཉིས་ཟུང་འབྲེལ་དམ་ཟབ་ཡོང་བའི་བྱ་བ་ལེགས་པོར་སྒྲུབ་སྟེ། དབུལ་ཐར་གྱི་རྨང་གཞི་སྔར་ལས་སྲ་བརྟན་དང་དབུལ་ཐར་གྱི་ཕན་འབྲས་དེ་བས་རྒྱུན་མཐུད་ཐུབ་པ་བྱེད་དགོས། དབུལ་བོར་འགྱུར་སླ་བ་དང་འགྱུར་ངེས་པའི་མི་འབོར་དག་ལ་ལྟ་ཞིབ་ནན་མོ་བྱས་ཏེ། དུས་སྔོན་དུ་ཤེས་རྟོགས་དང་། དུས་སྔོན་དུ་ཇུས་འདོན། དུས་སྔོན་དུ་རོགས་སྐྱོར་བཅས་བྱེད་དགོས། དབུལ་ཐར་ས་ཁུལ་གྱི་ཐོན་ལས་ལ་ཡུན་རིང་བོར་སྐྱེད་བསྲིང་དང་རོགས་རམ་གནང་སྟེ། རང་སྟེང་གི་རྒྱུན་མཐུད་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་དགོས། དབུལ་སྐྱོར་གནས་སྤོར་མང་ཚོགས་ཀྱི་གནས་སྤོར་མཇུག་སྡོམ་ཐབས་ཇུས་ལ་ཤུགས་བསྣན་ཏེ། ཕྱོགས་མང་པོ་ནས་ལས་ཞུགས་ལ་སྐུལ་འདེད་དང་། སྤྱི་ཚོགས་དོ་དམ་ལ་ཤུགས་བསྣན་ཏེ། སྤྱི་ཚོགས་མཉམ་འདྲེས་ཡོང་བར་སྐུལ་འདེད་གཏོང་བ་བཅས་བྱེད་དགོས། དབུལ་ཐར་རྫོང་ལ་རོགས་སྐྱོར་གྱི་རྒྱུན་བསྲིངས་ཏེ། བར་བརྒལ་དུས་རིམ་ནང་རོགས་སྐྱོར་སྲིད་ཇུས་ཀྱི་ཁ་ཕྱོགས་གཏན་འཇགས་ཡོང་བར་རྒྱུན་འཁྱོངས་བྱེད་དགོས། སྡེ་སྡོད་ཧྲུའུ་ཅི་དང་པོ་དང་བྱ་བའི་རུ་ཁག  ཤར་ནུབ་རྒྱུད་ཀྱི་རོགས་ལས། ཁ་གཏད་རོགས་སྐྱོར། སྤྱི་ཚོགས་རོགས་སྐྱོར་སོགས་ཀྱི་ལམ་ལུགས་རྒྱུན་འཁྱོངས་དང་འཐུས་ཚང་དུ་གཏོང་བ་བཅས་དགོས་པ་མ་ཟད། གནས་བབ་དང་ལས་འགན་འགྱུར་ལྡོག་དང་བསྟུན་ནས་འཐུས་ཇེ་ཚང་དུ་གཏོང་དགོས། རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གི་དབུལ་ཐར་འགག་སྒྲོལ་གྲུབ་འབྲས་སྲ་བརྟན་གཏོང་བའི་འགན་འཁྲི་དོན་འཁྱོལ་ཡོང་བ་བྱས་ཏེ། གཞི་ཁྱོན་ཆེན་པོས་ཡང་བསྐྱར་དབུལ་བོར་འགྱུར་བའི་དམའ་མཐའི་ཚད་གཞི་མཐའ་གཅིག་ཏུ་ལེགས་པོར་སྲུང་དགོས།

 ཞིང་སྡེ་དར་སྤེལ་ནི་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱེད་པའི་ལས་འགན་གལ་ཆེན་ཞིག་ཡིན་ལ། འཕེལ་རྒྱས་ཀྱི་དུས་རིམ་གསར་བར་རྐང་འཛུགས་པ་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་བ་ལག་ལེན་དོན་འཁྱོལ་བྱེད་པ། འཕེལ་རྒྱས་ཀྱི་རྣམ་པ་གསར་བ་བསྒྲིགས་འཛུགས་བྱེད་པ་བཅས་ལས་བྱུང་བའི་གནས་བབ་གསར་བ་དང་། དེ་ལས་ཐོན་པའི་གླེང་བྱ་གསར་བར་དམིགས་ནས། “ཞིང་གསུམ”གྱི་གནད་དོན་ཐག་གཅོད་ལེགས་པོ་བྱེད་པ་དེ་ཏང་ཡོངས་ཀྱི་བྱ་བའི་ཁྲོད་ཀྱི་གལ་ཆེན་ནང་གི་འགངས་ཆེན་དུ་འཛིན་དགོས་ཤིང་། ཞིང་ལས་དང་ཞིང་སྡེ་སྔོན་ལ་འཕེལ་རྒྱས་གཏོང་བ་བཅས་རྒྱུན་འཁྱོངས་བྱས་ཏེ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཞིང་སྡེ་དར་སྤེལ་གཏོང་བའི་བགྲོད་ལམ་སྟེང་བསྐྱོད་ནས་མུ་མཐུད་དུ་མཁར་གྲོང་དང་ཡུལ་ཚོའི་ས་ཁོངས་འཕེལ་རྒྱས་ཀྱི་བར་ཁྱད་ཇེ་ཆུང་དུ་བཏང་སྟེ། ཡོང་འབབ་དམའ་བའི་མི་འབོར་དང་དར་རྒྱས་མི་ཆེ་བའི་ས་ཁུལ་ལ་འཕེལ་རྒྱས་ཀྱི་གྲུབ་འབྲས་མཉམ་སྤྱོད་བྱེད་དུ་བཅུག་ནས། དེང་རབས་ཅན་མངོན་འགྱུར་བྱེད་པའི་འཕེལ་རིམ་ཁྲོད་རྗེས་སུ་མི་ལུས་པ་དང་རྗེས་སྙེགས་གང་ཐུབ་བྱ་དགོས། ཞིང་སྡེ་དར་སྤེལ་གཏོང་བའི་ཐབས་ཇུས་ཀྱི་གཏིང་ཟབ་ཚད་དང་རྒྱ་ཆེ་ཚད། དཀའ་ཚད་བཅས་ཕྱོགས་ཡོངས་ནས་ལག་བསྟར་བྱ་རྒྱུ་དེར། དབུལ་ཐར་འགག་སྒྲོལ་གྱི་དཀའ་ཁག་དང་གཅིག་མཚུངས་དང་ཡང་ན་དེ་ལས་ལྷག་པའི་སྲིད་ཇུས་མ་ལག་དང་ལས་དོན་མ་ལག ལམ་ལུགས་མ་ལག་བཅས་ཀྱི་ཕྱོགས་ནས་འཐུས་ཚང་ཅན་ཡིན་དགོས། སྔར་ལས་ནུས་པ་ལྡན་བའི་བྱེད་ཐབས་དང་དེ་བས་ལྷག་པའི་སྟོབས་ཤུགས་གཅིག་སྡུད་བྱས་ནས་ཞིང་ལས་དང་ཞིང་སྡེ་དེང་རབས་ཅན་དུ་འགྱུར་བའི་གོམ་སྟབས་ཇེ་མགྱོགས་སུ་བཏང་སྟེ།  ཞིང་ལས་ཀྱི་སྤུས་ཚད་མཐོ་བ་དང་ལས་ཕྱོད་ཆེ་བ། ཞིང་སྡེ་གནས་སྡོད་འཚམ་པ་དང་བྱ་གཞག་སྒྲུབ་རྒྱུར་འཚམ་པ། ཞིང་བ་ཕྱུག་འགྱུར་ཡོང་བ་བཅས་ལ་སྐུལ་འདེད་གཏོང་དགོས། 

ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་དུ་འགྱུར་བའི་རྒྱལ་ཁབ་ཀྱི་བགྲོད་ལམ་གསར་བ་འཛུགས་སྐྲུན་བྱེད་པའི་ལས་རིམ་ཁྲོད། ང་ཚོས་ངེས་པར་དུ་མི་དམངས་ཡོངས་ཀྱི་ཐུན་མོང་ཕྱུག་འགྱུར་དེར། སྔར་ལས་གཙོ་གནད་དུ་འཛིན་པར་སྐུལ་འདེད་བཏང་སྟེ། ནན་ཏན་གྱིས་དམིགས་འབེན་འདིའི་ཕྱོགས་སུ་སྔར་ལས་འབད་བརྩོན་བྱེད་པ་དང་། མིའི་ཁྱོན་ཡོངས་ཀྱི་འཕེལ་རྒྱས་དང་སྤྱི་ཚོགས་ཁྱོན་ཡོངས་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས་རྒྱ་ཆེའི་མི་དམངས་མང་ཚོགས་ཀྱི་ཐོབ་སྣང་དང་། བདེ་སྣང་སྔར་ལས་ཇེ་བརྟན་དང་ཁག་ཐེག་བྱེད་དུ་འཇུག་དགོས།

བློ་མཐུན་རྣམ་པ།  གྲོགས་པོ་རྣམ་པ། 

འདས་སོང་ལ་ཕྱིར་དྲན་བྱས་ན། ང་ཚོས་ཀྲུང་ཧྭ་མི་རིགས་ཀྱི་ལོ་ངོ་སྟོང་ཕྲག་དུ་མའི་རིང་ལྟོས་མེད་དབུལ་ཕོངས་ཀྱི་གནད་དོན་ཐག་གཅོད་བྱེད་པར་ལོ་རྒྱུས་རང་བཞིན་གྱི་རླབས་ཆེན་གྲུབ་འབྲས་བླངས་ཤིང་། མིའི་རིགས་ཀྱི་དབུལ་ཐར་ལོ་རྒྱུས་སྟེང་ངོ་མཚར་མཛད་རྗེས་བཞག འབྱུང་འགྱུར་ལ་རྒྱང་ལྟ་བྱས་ཚེ། ང་ཚོས་ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་ལོ་རྒྱུས་ཀྱི་ཕུགས་འདུན་རླབས་ཆེན་ལ་འབད་བརྩོན་བྱེད་བཞིན་ཡོད་ཅིང་། བགྲོད་ལམ་རིང་མོར་འབད་བརྩོན་གྱི་རྒྱུན་ཐག་རིང་དགོས་ལ། ཏང་ཡོངས་དང་རྒྱལ་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ཀྱིས་སྔར་ལས་ལྷག་པར་ཏང་ཀྲུང་དབྱང་མཐའ་འཁོར་དུ་མཐུན་སྒྲིལ་དམ་ཟབ་དང་། ཡིད་ཆེས་དང་ཆོད་སེམས་བརྟན་པོ། ལྷོད་གཡེང་མེད་པའི་བསམ་བློའི་འཁྱེར་ཕྱོགས་དང་ཞུམ་པ་མེད་པའི་བརྩོན་སེམས་ཀྱིས་དངོས་དོན་བརྩོན་པས་བསྒྲུབ་སྟེ། བརྒྱ་ལོ་གཉིས་པའི་འབད་བརྩོན་དམིགས་འབེན་མངོན་འགྱུར་བྱེད་པར་འབད་པ་བྱེད་དགོས།  །                                         


 ཀྲུང་གོ་བོད་ཀྱི་དྲ་བའི་ཡིག་སྒྱུར་ཚན་ཆུང་གིས་བསྒྱུར། 

 

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།