ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ལྷད་མེད་ཐཱན་ཉུང་འཁོར་སྐྱོད་འཕེལ་རྒྱས་ཀྱི་དཔལ་འབྱོར་མ་ལག་མྱུར་མོར་འཐུས་ཚང་དུ་འཛུགས་པའི་སྐོར་གྱི་མཛུབ་སྟོན་བསམ་འཆར་པར་སྐྲུན་འགྲེམ་སྤེལ་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-02-24
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཉེ་སྔོན་ལྷད་མེད་ཐཱན་ཉུང་འཁོར་སྐྱོད་འཕེལ་རྒྱས་ཀྱི་དཔལ་འབྱོར་མ་ལག་མྱུར་མོར་འཐུས་ཚང་དུ་འཛུགས་པའི་སྐོར་གྱི་མཛུབ་སྟོན་བསམ་འཆར་པར་སྐྲུན་འགྲེམ་སྤེལ་བྱས། 

མཛུབ་སྟོན་བསམ་འཆར་ལས་བསྟན་དོན། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་བྱས་ཤིང་། བློ་བརྟན་འགྱུར་མེད་ཀྱིས་འཕེལ་རྒྱས་འདུ་ཤེས་གསར་བ་ལག་བསྟར་བྱས་ཏེ། རང་རྒྱལ་གྱི་ལྷད་མེད་འཕེལ་རྒྱས་དེ་སྐས་རིམ་གསར་བ་ཞིག་ཏུ་བསླེབ་པར་སྐུལ་འདེད་གཏོང་དགོས་ཟེར། 

མཛུབ་སྟོན་བསམ་འཆར་ལས་ཉིས་སྟོང་ཉེར་ལྔ་ལོའི་བར་ཐོན་ལས་གྲུབ་ཚུལ་དང་ནུས་ཁུངས་གྲུབ་ཚུལ། སྐྱེལ་འདྲེན་གྲུབ་ཚུལ་བཅས་མངོན་གསལ་གྱིས་ལེགས་བསྒྱུར་བྱེད་པ་དང་། ཐོན་སྐྱེད་དང་འཚོ་བའི་བྱེད་ཐབས་ལྷད་མེད་ལེགས་བསྒྱུར་ལ་གྲུབ་འབྲས་མངོན་པར་གསལ་བ་ཐོབ་པ། ལྷད་མེད་ཐཱན་ཉུང་འཁོར་སྐྱོད་འཕེལ་རྒྱས་ཀྱི་ཐོན་སྐྱེད་མ་ལག་དང་འཁོར་རྒྱུག་མ་ལག འཛད་སྤྱོད་མ་ལག་བཅས་རགས་ཙམ་ཆགས་པར་བྱེད་དགོས་པ་དང་། ཉིས་སྟོང་སོ་ལྔ་ལོའི་བར་ལྷད་མེད་འཕེལ་རྒྱས་ཀྱི་ནང་གི་སྒུལ་ཤུགས་མངོན་གསལ་གྱིས་ཇེ་དྲག་ཏུ་སོང་ནས། ལྷད་མེད་ཐོན་ལས་ཀྱི་གཞི་རྒྱ་སྐས་རིམ་གསར་བ་ཞིག་ཏུ་བསླེབས་པ། ལས་རིགས་གཙོ་བོ་དང་ཐོན་རྫས་གཙོ་བོའི་ནུས་ཁུངས་ཐོན་ཁུངས་ཀྱི་བེད་སྤྱོད་ཀྱི་ཚད་རྒྱལ་སྤྱིའི་སྔོན་ཐོན་ཆུ་ཚད་དུ་བསླེབ་པར་བྱས་ནས། སྐྱེ་ཁམས་ཁོར་ཡུག་གི་གཞི་རྩ་ལེགས་བསྒྱུར་དང་མཛེས་སྡུག་ཀྲུང་གོའི་འཛུགས་སྐྲུན་དམིགས་འབེན་ཕལ་ཆེར་མངོན་འགྱུར་བྱེད་དགོས་པ་གཏན་འཁེལ་གསལ་བོ་བྱས་ཡོད། 

མཛུབ་སྟོན་བསམ་འཆར་གྱིས་ཕྱོགས་དྲུག་ནས་བྱ་བའི་ལས་འགན་གཙོ་བོ་བཀོད་སྒྲིག་བྱས་ཤིང་། ས་ཁུལ་སོ་སོ་དང་འབྲེལ་ཡོད་སྡེ་ཁག་སོ་སོས་སྔར་ལས་ལྷག་པའི་སྒོ་ནས་བྱ་བའི་འགན་འཁྲི་དངོས་འབེབ་བྱས་ནས་སྤུས་ཚད་ལྡན་པའི་སྒོ་ནས་ལས་འགན་སྣ་ཚོགས་ཡོངས་འགྲུབ་བྱེད་དགོས་པའི་རེ་བ་བཏོན།  །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།