ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས་ཀྲུང་གོ་དང་ཡོ་རོབ་གླིང་དབུས་ཤར་རྒྱལ་ཁབ་ཀྱི་མགོ་ཁྲིད་པའི་མཐོ་རིམ་གྲོས་ཚོགས་ལ་མགོ་འཛིན་བྱས་པར་མ་ཟད་གསུང་བཤད་གལ་ཆེན་གནང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-02-10
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1.jpg

ཟླ་གཉིས་པའི་ཚེས་དགུ་ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་ནས་བརྙན་རིས་ཀྱི་རྣམ་པར་བརྟེན་ནས་ཀྲུང་གོ་དང་ཡོ་རོབ་གླིང་དབུས་ཤར་རྒྱལ་ཁབ་ཀྱི་མགོ་ཁྲིད་པའི་མཐོ་རིམ་གྲོས་ཚོགས་ལ་མགོ་འཛིན་བྱས་པར་མ་ཟད་གསུང་བཤད་གལ་ཆེན་གནང་། 

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར་ན། ཟླ་གཉིས་པའི་ཚེས་དགུ་ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་ནས་བརྙན་རིས་ཀྱི་རྣམ་པར་བརྟེན་ནས་ཀྲུང་གོ་དང་ཡོ་རོབ་གླིང་དབུས་ཤར་རྒྱལ་ཁབ་ཀྱི་མགོ་ཁྲིད་པའི་མཐོ་རིམ་གྲོས་ཚོགས་ལ་མགོ་འཛིན་བྱས་པ་དང་། པོ་ཧེ་དང་ཅེ་ཁི། ཧེ་ཧྲན། ཕོ་ལན། སེར་ཝེ་ཡ། ཨར་ཅི་རི་ཡ། ཁི་ལོ་ཏེ་ཡ། ཞི་ལ། ཧང་ག་རི། མ་ཆི་ཏུང་བྱང་མ། སི་ལོ་ཧྥ་ཁི། པུར་ག་རུ་ཡ། སི་ལོ་ཝུན་ནེ་ཡ། ཨེ་སོ་ནི་ཡ། ལ་ཐོ་ཝེ་ཡ། ལི་ཐོ་ཝན། རོ་མ་ནི་ཡ་སོགས་ཡོ་རོབ་གླིང་དབུས་ཤར་རྒྱལ་ཁབ་ཀྱི་མགོ་གཙོ་དང་སྲིད་གཞུང་གི་མགོ་གཙོ། མཐོ་རིམ་འཐུས་མི་བཅས་གྲོས་ཚོགས་ལ་ཞུགས། ཞི་ཅིན་ཕིང་གིས་ཁ་ཡིག་ལ་སེམས་ཤུགས་གཅིག་སྒྲིལ་སྒོས་སྔར་སྲོལ་རྒྱུན་འཛིན་དང་མ་འོངས་གསར་གཏོད་བྱེད་པ་དང་ལག་རྡང་སྦྲེལ་ཏེ་མཉམ་ལས་ཐད་ལ་རྣམ་པ་གསར་བ་གསར་སྐྲུན་བྱེད་དགོས་ཞེས་པའི་གསུང་བཤད་གནང་། ཞི་ཅིན་ཕིང་གིས་བསྟན་དོན། ཀྲུང་གོ་དང་ཡོ་རོབ་གླིང་དབུས་ཤར་རྒྱལ་ཁབ་བར་གྱི་མཉམ་ལས་ཐད་ལ་མཉམ་གྲོས་མཉམ་སྐྲུན་དང་དངོས་གཉེར་དོ་མཉམ། སྒོ་འབྱེད་བཟོད་སྒོམ། གསར་སྐྲུན་ཡར་བརྩོན་རྒྱུན་འཁྱོངས་བྱེད་པ་ནི་ཕྱོགས་མང་རིང་ལུགས་ཀྱི་གསོན་ཉམས་ལྡན་པའི་ལག་ལེན་ཡིན་ལ། ཀྲུང་གོ་དང་ཡོ་རོབ་གླིང་དབུས་ཤར་གྱི་འབྲེལ་བའི་གྲུབ་ཆ་གལ་ཆེན་ཞིག་ཡིན། ཀྲུང་གོ་ཕྱོགས་ཀྱིས་ཡོ་རོབ་གླིང་དབུས་ཤར་རྒྱལ་ཁབ་དང་མཉམ་དུ་དུས་རབས་ཀྱི་གནས་བབ་ཆེན་པོར་བསྟུན་ནས། ཆུ་ཚད་སྔར་ལས་མཐོ་བའི་ཐུན་མོང་གི་འཕེལ་རྒྱས་དང་གཉིས་ཕན་མཉམ་རྒྱལ་མངོན་འགྱུར་བྱེད་པ་དང་། ལག་རྡང་སྦྲེལ་ཏེ་མིའི་རིགས་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པ་གསར་སྐྲུན་བྱེད་པར་སྐུལ་འདེད་གཏོང་འདོད་ཡོད་ཟེར།

ཞི་ཅིན་ཕིང་གིས་གསུང་བཤད་གནང་སྐབས་བསྟན་དོན། ཀྲུང་གོ་དང་ཡོ་རོབ་གླིང་དབུས་ཤར་བར་གྱི་མཉམ་ལས་ལ་ལོ་ངོ་དགུའི་ལོ་རྒྱུས་ལྡན་པ་དང་། ལོ་དགུའི་རིང་ལ། ཀྲུང་གོ་དང་ཡོ་རོབ་གླིང་དབུས་ཤར་རྒྱལ་ཁབ་བར་གྱི་མཉམ་ལས་ཀྱིས་དུས་ཚོད་དང་རྒྱལ་སྤྱིའི་གནས་བབ་ཀྱི་རྙོག་འཛིང་ཆེ་བའི་འགྱུར་ལྡོག་མང་པོའི་ཉམས་སད་ཐེག་པ་དང་། རང་སྟེང་གི་ཁྱད་ཆོས་དང་མཐུན་པར་མ་ཟད་ཕྱོགས་སོ་སོས་དང་ལེན་བྱེད་པའི་མཉམ་ལས་རྩ་དོན་ཆགས་པར་བྱས་ཡོད་དེ། གཅིག དོན་དག་ཡོད་ན་ཚང་མས་མཉམ་གྲོས་མཉམ་སྒྲུབ་བྱེད་དགོས། གཉིས། མཉམ་ལས་བྱེད་མཁན་ལ་ཁེ་ཕན་ཐོབ་པར་བྱེད་དགོས། གསུམ། སྒོ་འབྱེད་བཟོད་སྒོམ་ཁྲོད་ནས་མཉམ་དུ་འཕེལ་རྒྱས་སུ་འགྲོ་དགོས། བཞི། གསར་སྐྲུན་ལ་བརྟེན་ནས་སྔར་ལས་འཕེལ་རྒྱས་སུ་གཏོང་དགོས་ཟེར།

ཞི་ཅིན་ཕིང་གིས་བསྟན་དོན། ང་ཚོ་འགྲན་རྩོད་ཤུགས་ཆེ་བའི་དུས་རབས་ཤིག་ཏུ་གནས་ཡོད། སྔར་བྱུང་མ་མྱོང་བའི་འགྲན་རྩོད་ཀྱི་མདུན་དུ་རྒྱལ་ཁབ་སོ་སོས་སྔར་མེད་ཀྱི་མཐུན་སྒྲིལ་རོགས་ལས་ལ་བརྟེན་ནས་མཉམ་དུ་ཁ་གཏད་འཇལ་དགོས། ཞི་ཅིན་ཕིང་གིས་གནས་བབ་གསར་བའི་འོག་ཏུ་ཀྲུང་གོ་དང་ཡོ་རོབ་གླིང་དབུས་ཤར་རྒྱལ་ཁབ་བར་གྱི་མཉམ་ལས་འཕེལ་རྒྱས་ཐད་ལ་གྲོས་གཞི་བཞི་བཏོན། གཅིག རིམས་ནད་འགྲན་རྩོད་ལ་དམིགས་ཏེ་མཉམ་དུ་དཀའ་ཁག་ཁྱད་སེལ་བྱེད་པའི་མཉམ་ལས་ཆོད་སེམས་ཇེ་བརྟན་དུ་གཏོང་དགོས། གཉིས། མཉམ་འབྲེལ་མཉམ་མཐུད་གཅིག་སྡུད་བྱས་ཏེ། མཉམ་སྒུལ་འཕེལ་རྒྱས་ཀྱི་མཉམ་ལས་སྟོབས་ཤུགས་ཇེ་ཆེར་གཏོང་དགོས། གསུམ། དངོས་གཉེར་ཁྲིད་ཕྱོགས་རྒྱུན་འཁྱོངས་བྱས་ཏེ་གཉིས་ཕན་མཉམ་རྒྱལ་གྱི་མཉམ་ལས་གྲུབ་འབྲས་སྲ་བརྟན་དུ་གཏོང་དགོས། བཞི། ལྗང་མདོག་འཕེལ་རྒྱས་གཙོར་བཟུང་ནས་མ་འོངས་པར་ཁ་ཕྱོགས་པའི་མཉམ་ལས་སྒུལ་ནུས་ཇེ་ཆེར་གཏོང་དགོས་ཟེར།

ཚོགས་འདུར་ཞུགས་པའི་ཕྱོགས་སོ་སོས་ཡོ་རོབ་གླིང་དབུས་ཤར་དང་ཀྲུང་གོའི་མཉམ་ལས་གྲུབ་འབྲས་ལ་གདེང་འཇོག་ཆེན་པོ་གནང་བར་མ་ཟད། ཁུལ་ཁོངས་བརྒལ་བའི་མཉམ་ལས་རྐྱེན་སྲོལ་གྱིས་ཡོ་རོབ་གླིང་དབུས་ཤར་རྒྱལ་ཁབ་ཀྱི་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་བཏང་བ་དང་། དེ་ཕྱོགས་སོ་སོའི་ཐུན་མོང་གི་ཁེ་ཕན་དང་མཐུན་ལ། ཡོ་རོབ་གླིང་དང་ཀྲུང་གོའི་བར་གྱི་མཉམ་ལས་རྒྱ་བསྐྱེད་པ་དང་གཉིས་ཕན་མཉམ་རྒྱལ་མངོན་འགྱུར་བྱས་པར་སྙམ།

ཏའེ་ཞའོ་ཞང་དང་དབྱང་ཅེ་ཁྲི། ཝང་དབྱི། ཧི་ལིས་ཧྥིན་སོགས་གྲོས་ཚོགས་ལ་ཞུགས། །

རྩོམ་སྒྲིག་པ། : བདེ་ལེགས་མཚོ།