ཀྲུང་གོ་བོད་ཀྱི་དྲ་བ།

ལིས་ཁི་ཆང་ཀྲུང་ནན་ཧེ་ཙི་ཀོང་ཀི་ནས་ཡོ་རོབ་གླིང་གི་ཁེ་ལས་པའི་མཐོ་རིམ་བརྙན་རིས་གྲོས་མོལ་ཚོགས་འདུར་ཞུགས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-02-08
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཟླ2པའི་ཚེས5ཉིན་གྱི་ཕྱི་དྲོར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་ཀྲུང་ནན་ཧེ་ཙི་ཀོང་ཀི་ནས་ཡོ་རོབ་གླིང་གི་ཁེ་ལས་པའི་མཐོ་རིམ་བརྙན་རིས་གྲོས་མོལ་ཚོགས་འདུར་ཞུགས་ཏེ། ཐུན་མོང་གིས་སེམས་ཁུར་བྱེད་པའི་གྲོས་གཞིའི་ཐད་ནས་བསམ་འཆར་བརྗེ་རེས་བྱས། ཡོ་རོབ་གླིང་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གི་སྔོན་ཆད་ཀྱི་ཉོ་ཚོང་ཨུ་ཡོན། ཞུན་ཅུའེ་མན་ཏི་ཨར་སིན་གྱིས་གྲོས་ཚོགས་ལ་མགོ་འཛིན་བྱས་པ་དང་། ཡོ་རོབ་གླིང་གི་ཁེ་ལས་གྲགས་ཅན་སུམ་ཅུ་ཙམ་གྱི་འགན་འཁུར་བ་གྲོས་ཚོགས་ལ་ཞུགས།

ཀྲུང་གོའི་དཔལ་འབྱོར་སྐོར་གླེང་སྐབས། ལིས་ཁི་ཆང་གིས་བསྟན་དོན། པྲོག་གསར་གློ་ཚད་རིམས་ནད་དང་འཛམ་གླིང་གི་དཔལ་འབྱོར་ཉམས་རྒུད་དུ་གྱུར་བའི་མདུན་དུ་ཀྲུང་གོ་སྲིད་གཞུང་གིས་དུས་ཐོག་ཏུ་ནུས་ལྡན་ཆེ་ཕྱོགས་ཀྱི་སྲིད་ཇུས་སྤྱད་པ་དང་ལུགས་མཐུན་ཐབས་ལམ་ལ་བརྟེན་ནས་ཅུང་བཟང་བའི་གྲུབ་འབྲས་བླངས་པ་དང་། དཔལ་འབྱོར་བརྟན་འཇགས་སྒོས་སླར་གསོ་བྱེད་པར་སྐུལ་འདེད་བཏང་། ང་ཚོ་ཚོང་རའི་གཙོ་གཞིའི་དཀའ་ཁག་ལས་ཐར་བའི་དགོས་མཁོ་དང་མཐུན་པར་བྱས་ཏེ།  གཙོ་བོ་དུས་སྐབས་རང་བཞིན་དང་གཞི་ཁྱོན་རང་བཞིན་གྱི་ཁྲལ་འཕྲི་ཡོན་གཅིག་སོགས་ཀྱི་བྱེད་ཐབས་སྤྱད་ནས། ཚོང་རའི་གཙོ་གཞི་དང་ལྷག་པར་དུ་ཁེ་ལས་འབྲིང་ཆུང་དང་སྒེར་གཉེར་བཟོ་ཚོང་ཁྱིམ་ཚང་གི་དཀའ་ཁག་སེལ་བར་རོགས་རམ་བྱས། ཤུགས་ཆེན་པོས་ཚོང་གཉེར་ཁོར་ཡུག་ལེགས་བཅོས་ལ་སྐུལ་འདེད་བཏང་ནས། ཚོང་རའི་གསོན་ཤུགས་ཇེ་ཆེར་བཏང་། དུང་ཕྱུར་ཡན་གྱི་ཚོང་རའི་གཙོ་གཞི་བརྟན་འཇགས་སུ་བཏང་ནས་དཔལ་འབྱོར་གྱི་གཞི་རྩའི་བསམ་བཀོད་བརྟན་འཇགས་སུ་འགྲོ་བར་རྨང་གཞི་རང་བཞིན་གྱི་ནུས་པ་བཏོན་ཟེར།

ལིས་ཁི་ཆང་གིས་བསྟན་དོན། བཅོས་སྒྱུར་སྒོ་འབྱེད་ནི་ཀྲུང་གོས་དེང་རབས་ཅན་མངོན་འགྱུར་བྱེད་པའི་ཐབས་ལམ་གཙོ་བོ་ཡིན། ང་ཚོས་སྒོ་འབྱེད་ཀྱི་ཆོད་སེམས་ཇེ་བརྟན་དུ་བཏང་སྟེ་ཉོ་ཚོང་དངུལ་གཏོང་རང་མོས་ཅན་དང་སྟབས་བདེ་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་ངེས་ཡིན། ཕྱོགས་སོ་སོས་ཕྱོགས་མང་རིང་ལུགས་མཉམ་དུ་སྲུང་སྐྱོབ་བྱེད་པ་དང་། སྒྲིག་སྲོལ་རྨང་གཞི་ཡིན་པའི་ཕྱོགས་མང་ཉོ་ཚོང་སྒྲིག་སྲོལ་དང་དེ་མིན་འདྲ་མཉམ་འགྲན་རྩོད་རྩ་དོན་བརྩི་སྲུང་བྱེད་དགོས་ཟེར།

འགོག་སྨན་གྱི་རྒྱལ་སྤྱིའི་མཉམ་ལས་སྐོར་ནས་ལིས་ཁི་ཆང་གིས་བསྟན་དོན། འགོག་སྨན་ནི་འཛམ་གླིང་རིམས་འགོག་ལས་རྣམ་པར་རྒྱལ་བའི་མཐའ་མཇུག་གི་མཚོན་ཆ་ཡིན་པ་དང་འཛམ་གླིང་གི་སྤྱི་ཐུན་ཐོན་རྫས་ཀྱང་ཡིན། ཀྲུང་གོ་ཕྱོགས་ཀྱིས་མུ་མཐུད་དུ་འགོག་སྨན་དང་སྨན་རྫས་ཞིབ་བཟོ་ཐད་ནས་ཕྱོགས་སོ་སོ་དང་མཉམ་ལས་རྒྱ་ཆེར་བྱེད་ངེས་ཡིན་ཟེར།

མན་ཏི་ཨར་སིན་སོགས་དང་ཚོགས་འདུར་ཞུགས་པའི་འཐུས་མིས་ཀྲུང་གོས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཐད་ནས་བླངས་པའི་གྲུབ་འབྲས་ལ་གཟེངས་བསྟོད་བྱེད་ཀྱིན་ཡོད་པར་མ་ཟད། ཀྲུང་གོའི་འཕེལ་རྒྱས་ཐད་ལ་ཡིད་ཆེས་ཆེན་པོས་ཁེངས་འདུག་ལ། ཡོ་རོབ་གླིང་དང་ཀྲུང་གོའི་ཉོ་ཚོང་གྲོས་མཐུན་ལ་ཆོག་མཆན་འགོད་ཅིང་ཁྱོན་ཡོངས་ནས་དངོས་འབེབས་བྱེད་པར་རེ་སྒུག་བྱས་ཡོད་པ་དང་མུ་མཐུད་དུ་ཀྲུང་གོ་དང་མཉམ་ལས་བྱེད་པར་ཤུགས་སྣོན་ངེས་ཡིན་ཞེས་ནན་གྱིས་བསྟན། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།