ཀྲུང་གོ་བོད་ཀྱི་དྲ་བ།

ལི་ཁེ་ཆང་ཡོ་རོབ་ཁེ་ལས་པའི་མཐོ་རིམ་བརྙན་ལམ་གླེང་མོལ་ཚོགས་འདུར་ཞུགས།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : རིག་འཛིན་ལྷ་མོས་བསྒྱུར།   སྤེལ་དུས། : 2021-02-07
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1.jpg

ཟླ2པའི་ཚེས5ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་པེ་ཅིང་ཀྲུང་ནན་ཧའེ་རུ་ཡོ་གླིང་ཁེ་ལས་པའི་མཐོ་རིམ་བརྙན་ལམ་གླེང་མོལ་ཚོགས་འདུར་ཞུགས་པ་རེད།  

ཞིན་ཧྭ་གསར་འགྱུར་ཁང་གི་འཕྲིན། ཚེས5ཉིན་གྱི་ཕྱི་དྲོར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་ཀྲུང་ནན་ཧའེ་རུ་ཡོ་གླིང་ཁེ་ལས་པའི་མཐོ་རིམ་བརྙན་ལམ་གླེང་མོལ་ཚོགས་འདུར་ཞུགས། ལི་ཁེ་ཆང་གིས་མིག་སྔའི་ཀྲུང་གོའི་དཔལ་འབྱོར་གནས་བབ་དང་འཕེལ་རྒྱས་ཀྱི་མདུན་ལྗོངས་ངོ་སྤྲོད་གནང་བ་མ་ཟད། ཀྲུང་གོའི་ཁྲོམ་ར་དང་འཛད་སྤྱོད། ཀྲུང་གོ་དང་ཡོ་རོབ་ཀྱི་ཚོང་དོན་མ་འཇོག་མཉམ་ལས། ཀྲུང་གོའི་ཚོང་གཉེར་ཁོར་ཡུག པྲོག་གསར་གློ་ཚད་རིམས་ནད་འགོག་བཅོས། གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་གཅོག་པ་སོགས་ཐུན་མོང་གིས་དོ་ཁུར་བྱེད་པའི་གྲོས་གཞིར་དམིགས་ཏེ་ཚོགས་ཞུགས་ཁེ་ལས་པའི་འཐུས་མི་དང་བསམ་བློ་བརྗེ་རེས་བྱས།  

ཀྲུང་གོའི་དཔལ་འབྱོར་གནས་བབས་ཐད་ལི་ཁེ་ཆང་གིས་བསྟན་དོན། པྲོག་གསར་གློ་ཚད་རིམས་ནད་དང་འཛམ་གླིང་གི་དཔལ་འབྱོར་ཉམས་རྒུད་ཀྱི་རྡུང་རྡེག་ལ་དམིགས་ཏེ་ཀྲུང་གོ་སྲིད་གཞུང་གིས་ངེས་ཤུགས་རྒྱུན་འཁྱོངས་བྱས་ནས་དུས་ཐོག་ཏུ་སྤྱི་ཁོག་སྲིད་ཇུས་ནུས་ལྡན་སྤྱད་དེ་ལུགས་མཐུན་གྱི་རིན་དོད་ཀྱིས་ཕན་འབྲས་ཡག་པོ་བླངས་པ་དང་། ཀྲུང་གོའི་དཔལ་འབྱོར་བརྟན་བརླིང་ངང་སླར་གསོ་མགྱོགས་ཙམ་བྱུང་ནས་ལོ་ཧྲིལ་པོར2.3%འཕར་ཡོད། 

ལི་ཁེ་ཆང་གིས་བསྟན་དོན། ཀྲུང་གོའི་དཔལ་འབྱོར་དེ་འཛམ་གླིང་དཔལ་འབྱོར་ནང་གཏིང་ཟབ་འདྲེས་ཡོད། བཅོས་བསྒྱུར་སྒོ་འབྱེད་ནི་ཀྲུང་གོས་དེང་རབས་ཅན་མངོན་འགྱུར་བྱེད་པར་ངེས་པར་དུ་བརྒྱུད་དགོས་པའི་ལམ་བུ་ཞིག་ཡིན། ཀྲུང་གོས་སྒོ་དབྱེའི་ཁྲོད་ནས་འཕེལ་རྒྱས་མངོན་འགྱུར་ཡོང་བ་བྱས་ཤིང་སྒོ་དབྱེའི་ཁྲོད་ནས་རང་ཉིད་ཀྱི་འཕེལ་རྒྱས་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་བཏང་ཡོད། ང་ཚོས་ཕྱི་ཕྱོགས་སུ་སྒོ་འབྱེད་པའི་ཆོད་སེམས་བཅངས་ནས་ཉོ་ཚོང་དང་མ་དངུལ་འཇོག་པ་རང་དབང་ཅན་དང་སྟབས་བདེ་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་བར་ཤུགས་རྒྱག་རྒྱུ་ཡིན། སོ་སོས་ཕྱོགས་གཅིག་ཏུ་བསྐྱོད་དེ་ཕྱོགས་མང་རིང་ལུགས་སོགས་རྒྱལ་སྤྱིའི་ཐུན་མོང་ངོས་འཛིན་ལ་ཐུན་མོང་ཐོག་སྲུང་སྐྱོང་བྱེད་པ་དང་། སྒྲིག་སྲོལ་རྨང་གཞིར་བྱས་པའི་ཕྱོགས་མང་ཚོང་དོན་སྒྲིག་གཞི་དང་དྲང་གཞག་འགྲན་རྩོད་ཀྱི་རྩ་དོན་ལ་ཐུན་མོང་ཐོག་བརྩི་སྲུང་བྱ་དགོས། ཀྲུང་གོ་དང་ཡོ་རོབ་གཉིས་པོས་མི་རིང་བའི་སྔོན་དུས་བཀག་ལྟར་མ་འཇོག་གྲོས་ཆོད་ཀྱི་གྲོས་མོལ་ལེགས་སྒྲུབ་བྱ་རྒྱུ་ཁྱབ་བསྒྲགས་བྱས་པ་དེས་ཀྲུང་གོ་དང་ཡོ་རོབ་ཀྱིས་རྒྱལ་སྤྱིའི་སྒྲིག་སྲོལ་སྲུང་སྐྱོང་བྱེད་པའི་ཐུན་མོང་གི་འབད་བརྩོན་དང་དཔལ་འབྱོར་ཚོང་དོན་མཉམ་ལས་སྐས་རིམ་གསར་པ་ཞིག་ཏུ་སླེབས་པར་སྐུལ་འདེད་གཏོང་བའི་ཐུན་མོང་གི་བསམ་འདུན་མཚོན་ཡོད། 

རིམས་འགོག་སྨན་ཁབ་མཉམ་ལས་ཐད། ལི་ཁེ་ཆང་གིས་རིམས་འགོག་སྨན་ཁབ་ནི་གོ་ལ་ཧྲིལ་པོའི་རིམས་ནད་ལས་རྣམ་པར་རྒྱལ་བའི་མཐའ་མའི་མཚོན་ཆ་ཡིན་ལ། གོ་ལ་ཧྲིལ་པོའི་སྤྱི་བའི་ཐོན་རྫས་ཡིན་པས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ངེས་པར་དུ་རིམས་འགོག་སྨན་ཁབ་ཀྱི་གོ་ལ་ཧྲིལ་པོའི་མཉམ་ལས་ལ་ཤུགས་སྣོན་རྒྱག་དགོས་ཞེས་བསྟན། གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་གཅོག་པའི་ཐད། ལི་ཁེ་ཆང་གིས་མིའི་རིགས་ལ་སའི་གོ་ལའི་ཁྱིམ་གཞིས་གཅིག་ལས་མེད་པས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཐུན་མོང་ཐོག་འབད་བརྩོན་བྱས་ནས་ཕྱིར་འབུད་དང་སྦགས་བཙོག་ཉུང་གཏོང་བྱེད་དགོས་ཞེས་བསྟན། 

མན་ཏེར་སེན་སོགས་ཚོགས་ཞུགས་འཐུས་མི་རྣམས་ཀྱིས་ཀྲུང་གོས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་བཏང་བར་ཐོབ་པའི་ཕན་འབྲས་ལ་བསྔགས་བརྗོད་བྱས་པ་དང་། རིམས་ནད་ཀྱིས་ཕྱོགས་མང་རིང་ལུགས་དང་གོ་ལ་ཧྲིལ་པོའི་མཉམ་ལས་འགངས་ཆེན་ཡིན་པ་མངོན་པ་དང་། ཡོ་རོབ་དང་ཀྲུང་གོའི་རོགས་ཟླའི་འབྲེལ་བས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་སྣེ་ཁྲིད་དེ་གོ་ལ་ཧྲིལ་པོའི་རང་བཞིན་གྱི་འགྲན་སློང་ལ་ཐུན་མོང་ཐོག་ཁ་གཏད་གཅོག་དགོས། ཡོ་རོབ་དང་ཀྲུང་གོས་དུས་བཀག་ལྟར་མ་འཇོག་གྲོས་ཆོད་ཀྱི་གྲོས་མོལ་ལེགས་སྒྲུབ་བྱས་པ་དེས་ཕྱི་ཕྱོགས་ལ་ཕན་ཁེ་ཆེན་པོ་མངོན་པ་དང་། ཡོ་རོབ་ཀྱི་ཁེ་ལས་པས་ཆོག་མཆན་སྤྲོད་པ་དང་ཁྱོན་ཡོངས་ནས་དོན་འཁྱོལ་བྱ་རྒྱུར་སྐུལ་འདེད་གཏོང་བར་རེ་བ་བྱེད་ཀྱིན་ཡོད། ཀྲུང་གོ་དང་མཉམ་དུ་ལྗང་མདོག་འཕེལ་རྒྱས་དང་གྲངས་གཞི་གཞན་སྒྱུར། དངུལ་རྩའི་མ་འཇོག གནམ་གཤིས་འགྱུར་ལྡོག་སོགས་ཀྱི་ཐད་མཉམ་ལས་རྒྱ་ཆེར་གཏོང་འདོད་ཡོད། ཀྲུང་གོ་མགྱོགས་མྱུར་ངང་འཕེལ་རྒྱས་བྱུང་བ་དང་དཔལ་འབྱོར་རྒྱུན་མཐུད་ངང་དར་རྒྱས་བྱུང་བ་དེས་ཀྲུང་གོར་མ་འཇོག་ཡུན་རིང་བྱེད་པའི་ཡོ་རོབ་ཀྱི་ཁེ་ལས་ལ་ཕན་ཁེ་ཐོབ་པ་དང་། ཡོ་རོབ་ཀྱི་ཁེ་ལས་ཀྱིས་ཀྲུང་གོའི་འཕེལ་རྒྱས་ལ་ཡིད་ཆེས་ཀྱིས་ཁེངས་ནས་ཀྲུང་གོར་མཉམ་ལས་བྱ་རྒྱུར་མུ་མཐུད་འབད་བརྩོན་བྱ་རྒྱུ་ཡིན་ཞེས་བསྟན་པ་རེད། 

རྒྱལ་དོན་ཨུ་ཡོན་ནམ་ཕྱི་འབྲེལ་པུའུ་ཀྲང་ཝང་དབྱི་སོགས་གོང་གསལ་གྱི་བྱེད་སྒོར་ཞུགས། །

རྩོམ་སྒྲིག་པ། : རིག་འཛིན་ལྷ་མོ།