ཀྲུང་གོ་བོད་ཀྱི་དྲ་བ།

སློབ་གསོ་པུའུ་ཡིས་སློབ་གྲྭ་ཆུང་འབྲིང་གི་སློབ་མས་ལག་ཁྱེར་ཁ་པར་སློབ་གྲྭར་འཁྱེར་མི་ཆོག་པ་དང་སློབ་གྲྭས་ལག་ཁྱེར་ཁ་པར་སྤྱད་ནས་ལས་བྱ་བཀོད་སྒྲིག་བྱས་མི་ཆོག་པའི་བརྡ་ཁྱབ་བཏང་།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཀླུ་འབུམ་ཚེ་རིང་གིས་བསྒྱུར།   སྤེལ་དུས། : 2021-02-01
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སློབ་མའི་མིག་ལ་སྲུང་སྐྱོང་དང་། སློབ་མར་སློབ་གྲྭར་བློ་རྩེ་གཅིག་སྒྲིམ་གྱིས་སློབ་སྦྱོང་བྱེད་དུ་འཇུག་པ། དྲ་རྒྱ་དང་རོལ་རྩེད་ལ་མགོ་འཁོར་བ་སྔོན་འགོག སློབ་མའི་ལུས་སེམས་བདེ་ཐང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་བྱ་ཆེད། ཉེ་ཆར་སློབ་གསོ་པུའུ་གཞུང་སྒྲུབ་ཐིང་གིས《སློབ་གྲྭ་ཆུང་འབྲིང་གི་སློབ་མའི་ལག་ཁྱེར་ཁ་པར་དོ་དམ་ལས་དོན་ལ་ཤུགས་སྣོན་པའི་སྐོར་གྱི་བརྡ་ཐོ》པར་འགྲེམས་བྱས་པ་རེད།  

《བརྡ་ཐོ》ཡི་བླང་བྱ།

སློབ་གྲྭ་ཆུང་འབྲིང་གི་སློབ་མས་རྩ་དོན་ཐོག་མི་སྒེར་གྱི་ལག་ཁྱེར་ཁ་པར་སློབ་གྲྭའི་ནང་འཁྱེར་མི་ཆོག དགོས་མཁོ་བྱུང་ཚེ་ངེས་པར་དུ་ཁྱིམ་བདག་གི་མོས་མཐུན་ཐོབ་པ་བརྒྱུད། ཡིག་ཐོག་རེ་ཞུ་བྱས་ཏེ་སློབ་གྲྭར་འབྱོར་རྗེས། ལག་ཁྱེར་ཁ་པར་སློབ་གྲྭས་གཅིག་གྱུར་གྱིས་ཉར་ཚགས་བྱེད་པ་ལས་སློབ་ཁང་ནང་འཁྱེར་མི་ཆོག

《བརྡ་ཐོ》ཡི་ནང་ནན་གྱིས་བསྟན་དོན།

སློབ་གྲྭས་ལག་ཁྱེར་ཁ་པར་དོ་དམ་སློབ་གྲྭའི་རྒྱུན་ལྡན་གྱི་དོ་དམ་ནང་བཅུག་ནས། ཞིབ་ཕྲའི་བྱ་ཐབས་བཟོས་ཏེ་གཅིག་གྱུར་གྱིས་ཉར་ཚགས་བྱ་ཡུལ་དང་། བྱེད་ཐབས། འགན་འཁུར་པ་བཅས་ཁ་གསལ་བཟོས་ནས་དགོས་ངེས་ཀྱི་ཉར་ཚགས་སྒྲིག་ཆས་མཁོ་འདོན་བྱེད་དགོས། སློབ་གྲྭའི་ནང་སྤྱི་སྤྱོད་ཁ་པར་འཛུགས་པ་དང་འཛིན་གྲྭའི་ཀྲུའུ་རེན་དང་འབྲེལ་གཏུག་བྱེད་ཐབས་སོགས་ཀྱི་ཐབས་ལམ་བརྒྱུད། སློབ་མ་དང་ཁྱིམ་བདག་བར་འབྲེལ་གཏུལ་བྱེད་པའི་དགོས་མཁོ་ཐག་གཅོད་བྱེད་དགོས། ལག་ཁྱེར་ཁ་པར་སྤྱད་དེ་ལས་བྱ་བཀོད་སྒྲིག་བྱེད་པའམ་ཡང་ན་ལག་ཁྱེར་ཁ་པར་སྤྱད་ནས་སློབ་མར་ལས་བྱ་ལེགས་འགྲུབ་བྱེད་པའི་བླང་བྱ་བཏོན་མི་ཆོག

《བརྡ་ཐོ》ཡི་ནང་ནན་གྱིས་བསྟན་དོན། 

སློབ་གྲྭས་རྣམ་པ་མང་པོ་སྤྱད་ནས་སློབ་གསོ་ཁྲིད་སྟོན་ལ་ཤུགས་སྣོན་རྒྱབ་སྟེ་སློབ་མར་ཚན་རིག་རྗེས་དཔག་གི་ལྟ་སྟངས་འཛིན་པ་དང་ལུགས་མཐུན་ངང་ལག་ཁྱེར་ཁ་པར་སྤྱོད་པ་ལས། སྟབས་བདེའི་རྩུབ་སྤྱོད་ཀྱི་དོ་དམ་བྱ་སྤྱོད་མི་སྤེལ་བ་བྱེད་དགོས། སློབ་གྲྭ་སོ་སོས་ཁྱིམ་ཚང་དང་སློབ་གྲྭའི་བར་འབྲེལ་བ་བཟང་པོ་འཛིན་པ་དང་། ཁྱིམ་བདག་གིས་དོན་དངོས་ཀྱི་སློབ་གསོའི་འགན་འཁྲི་ནན་ཏན་གྱིས་བསྒྲུབ་ནས། ཁྱིམ་ཚང་དང་སློབ་གྲྭས་མཉམ་འབྲེལ་སྒོས་མི་སྣ་གསོ་སྐྱོང་བྱེད་པའི་སྟོབས་ཤུགས་ཆགས་པ་བྱེད་དགོས།

《བརྡ་ཐོ》ཡི་བླང་བྱ།

རྫོང་རིམ་པའི་སློབ་གསོ་སྲིད་འཛིན་སྡེ་ཁག་གིས་བྱ་བའི་མཛུབ་སྟོན་ལ་ཤུགས་བསྣན་ནས། སློབ་གྲྭས་ལག་ཁྱེར་ཁ་པར་དོ་དམ་ཁྲོད་གནས་པའི་གནད་དོན་དུས་ཐོག་ཏུ་ཐག་གཅོད་བྱེད་དགོས། སློབ་གསོ་ལྟ་སྐུལ་མཛུབ་ཁྲིད་སྡེ་ཁག་གིས་རྒྱུན་ལྡན་གྱི་ལྟ་སྐུལ་ལ་ཤུགས་བསྣན་ནས་འབྲེལ་ཡོད་བླང་བྱ་ཕྱོགས་ཡོངས་ནས་དོན་འཁྱོལ་གནད་ལ་འཁེལ་བར་འགན་ལེན་བྱས་ཏེ། སློབ་མ་བདེ་ཐང་ངང་འཚར་ལོངས་ཡོང་བར་སྐུལ་འདེད་གཏོང་དགོས།  །

རྩོམ་སྒྲིག་པ། : ཀླུ་འབུམ་ཚེ་རིང་།