ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས་པོ་ལི་ཝེ་ཡའི་ཙུང་ཐུང་ཨའར་སེ་ལ་ཁ་པར་བཏང་།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཚེ་མཁར་རྒྱལ་གྱིས་བསྒྱུར།   སྤེལ་དུས། : 2021-01-29
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ1པོའི་ཚེས28ཉིན་གྱི་དགོང་མོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པོ་ལི་ཝེ་ཡའི་ཙུང་ཐུང་ཨའར་སེ་ལ་ཁ་པར་བཏང་ནས་གྲོས་མོལ་མཛད།

ཞི་ཅིན་ཕིང་གིས་བཤད་རྒྱུར། ཀྲུང་གོ་དང་པོ་ལི་ཝེ་ཡའི་བར་ཕྱི་འབྲེལ་གྱི་འབྲེལ་བ་བཙུགས་ནས་ལོ་ངོ36རིང་། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་བརྟན་བརླིང་ངང་མདུན་དུ་བསྐྱོད་ཡོད།  ལྷག་པར་དུ་ཙུང་ཐུང་མུའུ་ལ་ལའེ་སིས་སྲིད་སྐྱོང་བའི་སྐབས་སུ། ཕྱོགས་གཉིས་པོའི་མཐོ་རིམ་བར་འགྲོ་འོང་དམ་ཟབ་དང་དཔལ་འབྱོར་ཚོང་དོན་མཉམ་ལས་བྱེད་ཤུགས་ཇེ་མགྱོགས་སུ་ཕྱིན་པ་མ་ཟད། ཕྱོགས་མང་ལས་དོན་གྱི་མཉམ་ལས་ཀྱང་ཡག་པོ་བྱུང་ཡོད། པྲོག་གསར་གློ་ཚད་རིམས་ནད་བྱུང་རྗེས་ཀྲུང་གོ་ཕྱོགས་ཀྱིས་ཐབས་ལམ་སྣ་མང་བརྒྱུད་དེ་པོ་ལི་ཝེ་ཡ་ཕྱོགས་ཀྱིས་རིམས་ནད་འགོག་བཅོས་བྱེད་པར་དངོས་ཟོག་དང་ལག་རྩལ་ཐད་ཀྱི་རོགས་སྐྱོར་མཁོ་འདོན་བྱས་ཡོད། ཀྲུང་གོ་ཕྱོགས་ཀྱིས་པོ་ལི་ཝེ་ཡ་ཕྱོགས་དང་མཉམ་དུ་རིམས་འགོག་སྨན་ཁབ་མཉམ་ལས་ལ་ཤུགས་སྣོན་བརྒྱབ་སྟེ། མུ་མཐུད་དུ་རང་གི་ནུས་པ་ཡོད་ཚད་བཏོན་ནས་པོ་ལི་ཝེ་ཡ་ཕྱོགས་ཀྱི་རིམས་ནད་འགོག་པའི་འཐབ་རྩོད་ལ་རྒྱབ་སྐྱོར་བྱེད་འདོད་ཡོད་ཅེས་གསུངས་པ་རེད།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཀྲུང་གོ་ཕྱོགས་ཀྱིས་ནམ་ཡང་པོ་ལི་ཝེ་ཡ་གྲོགས་པོ་བཟང་པོ་དང་རོགས་ཟླ་བཟང་པོར་བརྩིས་ནས། ཀྲུང་གོ་དང་པོ་ལི་ཝེ་ཡའི་འཐབ་ཇུས་རོགས་ཟླའི་འབྲེལ་བ་འཕེལ་རྒྱས་གཏོང་རྒྱུར་ཚད་མཐོའི་མཐོང་ཆེན་བྱེད་ཀྱིན་ཡོད།  ཀྲུང་གོ་ཕྱོགས་ཀྱིས་པོ་ལི་ཝེ་ཡ་ཕྱོགས་ལ་རང་རྒྱལ་ཁབ་ཀྱི་དོན་དངོས་དང་འཚམ་པའི་འཕེལ་རྒྱས་ཀྱི་འགྲོ་ལམ་འཚོལ་ཞིབ་བྱ་རྒྱུར་རྒྱབ་སྐྱོར་བྱས་ནས། པོ་ལི་ཝེ་ཡ་མི་དམངས་ཀྱི“མཛེས་སྡུག་ལྡན་པའི་འཚོ་བའི”སྟོན་གྲངས་མཐོ་རུ་གཏོང་བ་དང་། པོ་ལི་ཝེ་ཡ་ཕྱོགས་དང་མཉམ་དུ་སྲིད་ཇུས་འབྲེལ་གཏུག་མཐུན་སྦྱོར་ལ་ཤུགས་སྣོན་བརྒྱབ་སྟེ། རྒྱལ་སྲིད་སྐྱོང་ལུགས་སྐོར་གྱི་ཉམས་མྱོང་སྤེལ་རེས་དང་ཕན་ཚུན་དཔྱད་གཞིར་བཟུང་ནས། ཆབ་སྲིད་ཐད་ཀྱི་ཕན་ཚུན་ཡིད་ཆེས་དང་ཕན་ཚུན་རྒྱབ་སྐྱོར་བྱེད་ཚད་གཏིང་ཟབ་ཏུ་གཏོང་འདོད་ཡོད།  ཕྱོགས་གཉིས་ཀྱིས་དངོས་སྒྲུབ་མཉམ་ལས་དང་འཆར་འགོད་ཡག་པོ་བྱས་ཏེ“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་མཉམ་ལས་ལ་སྐུལ་འདེད་གཏོང་དགོས་ཞེས་བསྟན།

ཨའར་སེ་ཡིས་བཤད་རྒྱུར། པོ་ལི་ཝེ་ཡ་དང་ཀྲུང་གོ་རྒྱལ་ཁབ་གཉིས་ཀྱི་སྲོལ་རྒྱུན་གྱི་མཛའ་གྲོགས་ནི་གཞོམ་གཞིག་མེད་པ་ཞིག་ཡིན། པོ་ལི་ཝེ་ཡ་ཕྱོགས་ཀྱིས་ཀྲུང་གོའི་བར་ཀྱི་མཛའ་གྲོགས་ཟབ་མོར་གཅེས་སྐྱོང་བྱས་ནས། ལྷག་བསམ་ཟོལ་མེད་ངང་པོ་ལི་ཝེ་ཡ་དང་ཀྲུང་གོའི་འབྲེལ་བ་སྲ་བརྟན་དང་གཏིང་ཟབ་ཏུ་གཏོང་འདོད་ཡོད། ཀྲུང་གོ་ཕྱོགས་ཀྱིས་པོ་ལི་ཝེ་ཕྱོགས་ལ་པྲོག་གསར་གློ་ཚད་རིམས་ནད་འགོག་རྒོལ་བྱེད་པར་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། པོ་ལི་ཝེ་ཡ་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་འཕེལ་རྒྱས་ཀྱི་འཐབ་ཇུས་འབྲེལ་མཐུད་ལ་ཤུགས་སྣོན་བརྒྱབ་སྟེ། ཁྱབ་ཁོངས་སོ་སོའི་མཉམ་ལས་གཏིང་ཟབ་ཏུ་བཏང་སྟེ་པོ་ལི་ཝེ་ཡ་དང་ཀྲུང་གོའི་འཐབ་ཇུས་རོགས་ཟླའི་འབྲེལ་བ་ཆུ་ཚད་གསར་པ་ཞིག་ཏུ་སླེབས་རྒྱུར་སྐུལ་འདེད་གཏོང་འདོད་ཡོད་པ་དང་། པོ་ལི་ཝེ་ཡ་ཕྱོགས་ཀྱིས་ཧུར་ཐག་གིས་ཀྲུང་གོ་ཕྱོགས་དང་མཉམ་དུ“རྒྱུད་གཅིག་ལམ་གཅིག”བསྐྲུན་ནས་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་རྒྱུར་སྐུལ་འདེད་གཏོང་འདོད་ཡོད་ཅེས་གསུངས་པ་རེད། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།