ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་ཁབ་མང་བོའི་མགོ་ཁྲིད་པས་ལོ་གསར་བའི་ཤིས་ཚིག་ཕུལ།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-01-02
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཉིས་སྟོང་ཉེར་གཅིག་ལོར་ཐོན་པའི་སྐབས་སུ། རྒྱལ་ཁབ་མང་བོའི་མགོ་ཁྲིད་པས་ལོ་གསར་བའི་ཤིས་ཚིག་ཕུལ་ཏེ། རྒྱལ་དམངས་དག་གིས་མཐུན་སྒྲིལ་གཅིག་གྱུར་གྱིས་པྲོག་གསར་གློ་ཚད་རིམས་ནད་ཀྱི་འགོག་བཅོས་སོགས་འགྲན་རྩོད་མང་བོ་ཐག་གཅོད་བྱེད་པ་དང་སེམས་ཤུགས་གཅིག་སྒྲིལ་གྱིས་སྔར་ལས་མཛེས་སྡུག་ལྡན་པའི་མ་འོངས་པ་འཛུགས་སྐྲུན་བྱེད་དགོས་པའི་འབོད་སྐུལ་བཏང་། 

ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་གྱིས་བཤད་རྒྱུར། འདས་པའི་ལོ་གཅིག་ནི་མི་གང་རུང་ལ་མཚོན་ན་དཀའ་ཁག་ཆེ་བ་ཞིག་ཡིན་ཡང་། ལོ་དེའི་ནང་དཀའ་སྡུག་ལས་རྣམ་པར་རྒྱལ་བའི་རེ་བའང་ཡོད་པ་རེད། ཉམས་སད་དང་དཀའ་སྡུག་མི་འགྱངས་པར་འདས་སྲིད་པ་ཁོ་ཐག་ཡིན། རང་ཉིད་ལ་ཡིད་ཆེས་དང་དཀའ་ཁག་གི་མདུན་ནས་ཕྱིར་བཀྱེད་མི་བྱེད་པར་མཐུན་སྒྲིལ་གཅིག་གྱུར་བྱེད་པ་ནི་ང་ཚོས་མ་འོངས་པར་མཉམ་དུ་རྒྱལ་ཁ་ལེན་པའི་རྨང་གཞི་ཡིན། 

འཇར་མན་གྱི་ཙུང་ལི་མའོ་ཁི་ཨར་གྱིས་མང་ཚོགས་དག་གིས་མུ་མཐུད་དུ་མཐུན་སྒྲིལ་བྱས་ཏེ་པྲོག་གསར་གློ་ཚད་རིམས་ནད་འགོག་བཅོས་བྱེད་དགོས་པའི་འབོད་སྐུལ་བཏང་། ཁོ་མོས་བཤད་རྒྱུར། རིམས་ནད་ནི་ཉིས་སྟོང་ཉེར་གཅིག་ལོའི་ཡོད་ཚད་ཡིན་མི་སྲིད། འཛམ་གླིང་ཅན་དང་གྲངས་ལྡན་ཅན་གྱི་འཛམ་གླིང་སྟེང་། འཇར་མན་གྱིས་སྔར་ལས་ལྷག་པའི་སྒོ་ནས་ཡོ་རོབ་གླིང་བར་གཅིག་གྱུར་སྲུང་འཛིན་བྱེད་དགོས། 

ཧྥ་རན་སིའི་ཙུང་ཐུང་མཱ་ཁི་ལུང་གིས་བསྟན་དོན། ཉིས་སྟོང་ཉི་ཤུ་ལོ་ནི་དཀའ་ཚེགས་ཆེ་བའི་ལོ་ཞིག་ཡིན་པ་དང་། ཧྥ་རན་སིའི་མི་དམངས་ཀྱིས་རིམས་ནད་འགོག་རྒོལ་བྱེད་པའི་འཐབ་རྩོད་ཁྲོད་མཐུན་སྒྲིལ་དང་གཏོང་ཕོད་ཀྱི་སྙིང་སྟོབས་དར་སྤེལ་དུ་བཏང་བར་བཀའ་དྲིན་ཞུ་བཞིན་ཡོད། ཉིས་སྟོང་ཉེར་གཅིག་ལོར་ཧྥ་རན་སི་ཡིས་རིམས་འགོག་དང་དཔལ་འབྱོར། སྤྱི་ཚོགས། འཇིགས་སྐུལ་ལ་ངོ་རྒོལ་བྱེད་པ། ནམ་ཟླའི་འགྱུར་ལྡོག་སོགས་ཁྱབ་ཁོངས་ཀྱི་འགྲན་རྩོད་ལ་གདོང་གཏོད་དགོས། 

དབྱིན་ཇིའི་དབུ་བཞུགས་བློན་ཆེན་ཡའོ་ཧན་ཞོན་གྱིས་སྨན་བཅོས་མི་སྣ་དང་འཕྲལ་སྒྲུབ་ཞབས་ཞུ་མི་སྣ། འགྲིམ་འགྲུལ་སྐྱེལ་འདྲེན་མི་སྣ་སོགས་རིམས་འགོག་བརྒྱུད་རིམ་ཁྲོད་གཏོང་ཕོད་སྙིང་སྟོབས་ལྡན་པའི་མི་རྣམས་ལ་བཀའ་དྲིན་ཞུས། ཁོས་བཤད་རྒྱུར། ཉིས་སྟོང་ཉེར་གཅིག་ལོ་ནི་དབྱིན་ཇིར་གནོད་པ་ཚབས་ཆེན་ཐེབས་རྗེས་རྒྱུན་ལྡན་གྱི་འཚོ་བ་སླར་གསོ་བྱེད་པའི་ལོ་ཞིག་ཡིན་པར་ཡིད་ཆེས་ཡོད། 

ཁུན་ནེ་ཡཱའི་ཙུང་ཐུང་ཁུན་ཡཱ་ཐཱ་ཡིས་བསྟན་དོན། འདས་པའི་ལོ་གཅིག་གི་ནང་། ང་ཚོ་མི་མང་བོ་ཤི་གསོན་གྱི་འདུ་བྲལ་ལ་འཕྲད་པ་དང་། མི་སྒེར་དང་ཐུན་མོང་མང་བོའི་རྒྱལ་ཁ་མིག་གིས་མཐོང་ཡོད། སྨན་བཅོས་མི་སྣ་དང་དམག་དཔུང་གི་དཔོན་དམག་གང་ཡིན་ཡང་དཔའ་བོ་ཡིན་ལ། ཁོ་ཚོས་རིམས་འགོག་འཐབ་རྩོད་ཁྲོད་རང་སྲོག་བློས་གཏོང་བའི་བློ་སྤོབས་མངོན་པར་བཀའ་དྲིན་ཞུས་པ་ཡིན། 

ཨུ་རུ་སི་དཀར་པོའི་ཙུང་ཐུང་ལུའུ་ཁཱ་ཧྲིན་ཁི་ཡིས་བཤད་རྒྱུར། འདས་པའི་ལོ་གཅིག་གི་ནང་ཨུ་རུ་སི་དཀར་པོ་འགྲན་རྩོད་རེ་འགར་འཕྲད་ཡོད་ཀྱང་། རྒྱལ་ཁབ་ཀྱིས་སྔ་ལས་མཛེས་སྡུག་ལྡན་པའི་མ་འོངས་པ་ཞིག་གསར་བསྐྲུན་ཐུབ་པར་ཡིད་ཆེས་ཡོད། 

ཐེ་གོའི་རྒྱལ་བོ་ཝ་ཅི་ལཱ་ལུང་ཀུང་གིས་བཤད་རྒྱུར། མི་སུ་ཡིན་ཡང་ཕན་ཚུན་རོགས་རམ་བྱས་ཏེ། མུ་མཐུད་དུ་རྒྱལ་ཁབ་དང་སྤྱི་ཚོགས་དེ་དར་རྒྱས་དང་འཕེལ་རྒྱས་ཀྱི་རྨང་གཞིའི་སྟེང་ཇེ་རྒྱས་ཇེ་ལེགས་སུ་གཏོང་དགོས། ཕན་ཚུན་རྒྱུས་ལོན་དང་ལག་རྡང་སྦྲེལ་ནས་མཉམ་ལས་བྱས་ན་རྒྱལ་ཁབ་ཀྱི་གཏན་འཇགས་དང་འཕེལ་རྒྱས་མངོན་འགྱུར་བྱེད་ཐུབ་པར་ཡིད་ཆེས་ཡོད། 

སིང་ག་ཕོར་གྱི་ཙུང་ལི་ལིས་ཞན་ལུང་གིས་བསྟན་དོན། སིང་ག་ཕོར་ཉིས་སྟོང་ཉི་ཤུ་ལོར་རྒྱལ་ཁབ་བཙུགས་པའི་ཚུན་གྱི་ཆེས་ཚབས་ཆེ་བའི་དཔལ་འབྱོར་ཉམས་རྒུད་ལ་འཕྲད་པ་དང་། དཔལ་འབྱོར་དེ་ཉིས་སྟོང་ཉེར་གཅིག་ལོར་སླར་གསོ་འབྱུང་བར་རེ་སྒུག་བྱས་ཡོད། པྲོག་གསར་གློ་ཚད་རིམས་ནད་འགོག་རྒོལ་བྱེད་པའི་འཐབ་རྩོད་སྔར་བཞིན་མཇུག་སྒྲིལ་མེད་པ་དང་། རྗེས་ཕྱོགས་ཀྱི་ཟླ་ངོ་འགའ་དང་ཐ་ན་ལོ་འགའི་ནང་། ང་ཚོ་བློ་ཡུལ་ལས་འདས་པའི་འགྲན་རྩོད་གསར་བར་འཕྲད་སྲིད་ཀྱང་། གོང་འོག་གི་སེམས་པ་གཅིག་ཏུ་མཐུན་ན་སྔར་ལས་འོད་སྟོང་ལྡན་པའི་མ་འོངས་པ་ཞིག་བསྙེག་ཐུབ་པ་ཁོ་ཐག་ཡིན། 

དེ་ལས་གཞན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐི་ལོས་སི་ཡིས་ཀྱང་ལོ་གསར་བའི་ཤིས་ཚིག་ཕུལ། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་པྲོག་གསར་གློ་ཚད་རིམས་ནད་ལས་བཟོས་པའི་ཉེན་ཁ་དང་དཀའ་ཁག་གདོང་གིས་བསུས་ཏེ། མཐུན་སྒྲིལ་གཅིག་གྱུར་དང་འཆམ་མཐུན་མཉམ་གནས་བྱས་ནས། ཉིས་སྟོང་ཉེར་གཅིག་ལོ་དེ་རྨ་ཁ་སོས་པའི་ལོ་ཞིག་ཏུ་འགྱུར་བར་བྱེད་དགོས།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།