ཀྲུང་གོ་བོད་ཀྱི་དྲ་བ།

ལིས་ཁི་ཆང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀའ་ཁྱབ་སྟེང་མཚན་བཀོད་ནས《རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་སྲིད་འཛིན་ཁྲིམས་སྲོལ་ཁག་ཅིག་བཟོ་བཅོས་དང་མེད་པར་བཟོ་བའི་སྐོར་གཏན་འབེབས》ཞེས་པ་ཁྱབ་བསྒྲགས་གནང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-12-12
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཉེ་སྔོན་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀའ་ཁྱབ་སྟེང་མཚན་བཀོད་དེ། 《རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་སྲིད་འཛིན་ཁྲིམས་སྲོལ་ཁག་ཅིག་བཟོ་བཅོས་དང་མེད་པར་བཟོ་བའི་སྐོར་གྱི་གཏན་འབེབས》ཞེས་པ་ཁྱབ་བསྒྲགས་མཛད་དེ། ཕྱི་རྒྱལ་གྱི་ཚོང་པས་མ་དངུལ་འཇོག་ཕྱོགས་སྐོར་གྱི་བཅའ་ཁྲིམས་དང་མི་མཐུན་པའི་སྲིད་འཛིན་ཁྲིམས་སྲོལ་གཙང་བཤེར་བྱས་ནས། སྲིད་འཛིན་ཁྲིམས་སྲོལ་ཉེར་གཉིས་ཀྱི་དོན་ཚན་ཁ་ཤས་ལ་བཟོ་བཅོས་རྒྱག་རྒྱུའི་གྲོས་ཐག་བཅད་པའི་དུས་མཚུངས་སུ།   སྲིད་འཛིན་ཁྲིམས་སྲོལ་གཅིག་མེད་པར་བཟོས།

བཟོ་བཅོས་དང་མེད་པར་བཟོས་པའི་གཏན་འབེབས་ནི། གཅིག ཚོང་གཉེར་རང་བཞིན་གྱི་འཁྲབ་སྟོན་དོ་དམ་སྲོལ་ཡིག་སོགས་ཚུད་པའི་སྲིད་འཛིན་ཁྲིམས་སྲོལ་ལྔའི་ནང་གི་ཕྱི་རྒྱལ་གྱི་ཚོང་པའི་མ་རྩ་འཇོག་པའི་ཁེ་ལས་ལ་ཞིབ་མཆན་འགོད་པའི་འབྲེལ་ཡོད་ནང་དོན་ལ་བཟོ་བཅོས་བརྒྱབ་པ་དང་། གཉིས། དམངས་སྤྱོད་མཁའ་འགྲུལ་ཡོ་བྱད་ཀྱི་རྒྱལ་ཁོངས་ཐོ་འགོད་སྲོལ་ཡིག་སོགས་སྲིད་འཛིན་ཁྲིམས་སྲོལ་དྲུག་ནང་གི《ཕྱི་རྒྱལ་ཚོང་པའི་མ་རྩ་བཞག་ཆོག་མིན་གྱི་དམིགས་བསལ་དོ་དམ་བྱེད་ཐབས》དང་མི་མཐུན་པའི་དོན་ཚན་ལ་བཟོ་བཅོས་བརྒྱབ་པ།  གསུམ། ཡུལ་སྐོར་ཁང་གི་སྲོལ་ཡིག་སོགས་སྲིད་འཛིན་ཁྲིམས་སྲོལ་བཅུ་གསུམ་ནང་ཕྱི་རྒྱལ་གྱི་ཚོང་པའི་མ་འཇོག་ཁེ་ལས་དང་འབྲེལ་བ་ཡོད་པའི་དོན་ཚན་ལ་དེ་མཚུངས་ཀྱི་བཟོ་བཅོས་བརྒྱབ་པ། བཞི། རྒྱལ་སྲིད་སྤྱི་ཁྱབ་ཁང་གི“གློད་སྡོམ་ཞབས་གསུམ”གྱི་བཅོས་སྒྱུར་ལས་རིམ་དོན་འཁྱོལ་བྱེད་པ་དང་འབྲེལ་བའི་ཚོང་གཉེར་རང་བཞིན་གྱི་འཁྲབ་སྟོན་དོ་དམ་སྲོལ་ཡིག་སོགས་སྲིད་འཛིན་ཁྲིམས་སྲོལ་བཞི་ཡི་དོན་ཚན་ཁ་ཤས་ལ་མཉམ་དུ་བཟོ་བཅོས་བརྒྱབ་པ་དང་། དེ་ལས་གཞན་ཕྱི་རྒྱལ་གྱི་ཁེ་ལས་སམ་ཡང་ན་མི་སྒེར་གྱིས་ཀྲུང་གོའི་མངའ་ཁོངས་སུ་མཉམ་གཉེར་ཁེ་ལས་འཛུགས་པའི་སྐོར་གྱི་དོ་དམ་བྱེད་ཐབས་མེད་པར་བཟོས་པ་བཅས་རེད།

རྩོམ་སྒྲིག་པ། : ཀླུ་འབུམ་ཚེ་རིང་།