ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ལས་རིགས་རྩལ་ནུས་འགྲན་སྡུར་སྐབས་དང་པོ་སྤེལ་འགོ་བརྩམས་པར་རྟེན་འབྲེལ་ཞུ་བའི་འཕྲིན་ཡིག་བསྐུར།

ཡོང་ཁུངས། : མཚོ་སྔོན་གསར་འགྱུར་དྲ་བ།     སྤེལ་དུས། : 2020-12-11
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཟླ12པའི་ཚེས10ཉིན། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ལས་རིགས་རྩལ་ནུས་འགྲན་སྡུར་སྐབས་དང་པོ་ཀོང་ཏུང་ཞིང་ཆེན་ཀོང་ཀྲིག་གྲོང་ཁྱེར་དུ་སྤེལ་འགོ་བརྩམས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་རྟེན་འབྲེལ་ཞུ་བའི་འཕྲིན་ཡིག་བསྐུར་ཏེ། འགྲན་སྡུར་སྤེལ་བར་སྤྲོ་སེམས་འཁོལ་བའི་ངང་རྟེན་འབྲེལ་ཞུས་པ་དང་འགྲན་ཞུགས་པ་དང་རྒྱ་ཆེའི་རྩལ་ནུས་ལྡན་པའི་འཇོན་མི་རྣམས་ལ་ལྷག་བསམ་རྣམ་དག་སྒོས་འཚམས་འདྲི་ཞུས།

ཞི་ཅིན་ཕིང་གིས་རྟེན་འབྲེལ་ཞུ་བའི་འཕྲིན་ཡིག་ནང་བསྟན་དོན། ལག་རྩལ་བཟོ་བའི་དཔུང་སྡེ་ནི་ཀྲུང་གོའི་གསར་བཟོ་དང་ཀྲུང་གོའི་གསར་གཏོད་ལ་རོགས་འདེགས་བྱེད་པའི་སྟོབས་ཤུགས་གཙོ་བོ་ཡིན། ལས་རིགས་རྩལ་ནུས་འགྲན་སྡུར་གྱིས་རྒྱ་ཆེའི་རྩལ་ནུས་ལྡན་པའི་འཇོན་མིར་རྩལ་ནུས་ངོམ་པ་དང་ཕན་ཚུན་བར་ལག་རྩལ་འགྲན་སྡུར་བྱེད་པའི་སྟེགས་བུ་ཞིག་འདོན་སྤྲོད་བྱས་པ་དང་། ལག་རྩལ་བཟོ་བའི་དཔུང་སྡེ་སྟོབས་ལྡན་དུ་གཏོང་བ་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་ནུས་པ་ཆེན་པོ་འདོན་ངེས་ཡིན། རྒྱ་ཆེའི་འགྲན་ཞུགས་པས་སྤོབས་པ་ཆེར་བསྐྱེད་སྒོས་གྲུབ་འབྲས་གསར་བ་ཐོབ་པར་བརྩོན་ལེན་བྱས་ནས། དུས་རབས་གསར་བའི་རྩལ་ནུས་ལྡན་པའི་འཇོན་མིར་ནུས་པ་ངོམ་དུ་འཇུག་དགོས་ཟེར།

ཞི་ཅིན་ཕིང་གིས་བསྟན་དོན། རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གིས་རྩལ་ནུས་ལྡན་པའི་འཇོན་མིའི་བྱ་བར་ཧ་ཅང་མཐོང་ཆེན་བྱས་ཏེ། ཤུགས་ཆེན་པོས་ངལ་རྩོལ་དཔེ་ལེགས་ཅན་གྱི་སྙིང་སྟོབས་དང་ངལ་རྩོལ་སྙིང་སྟོབས། ལག་ཤེས་སྙིང་སྟོབས་དར་སྤེལ་བྱེད་པ་དང་། ངལ་རྩོལ་པ་སྔར་ལས་མང་པོ་དང་ལྷག་པར་དུ་ན་གཞོན་པ་རྣམས་རྩལ་ནུས་ལྡན་ཞིང་རྩལ་ནུས་ཀྱིས་རྒྱལ་ཁབ་ལ་དྲིན་ལན་འཇལ་བའི་བགྲོད་ལམ་དུ་བསྐྱོད་པར་སྐུལ་མ་གཏོང་བར་མ་ཟད། རྩལ་ནུས་ལྡན་པའི་འཇོན་མི་དང་རྒྱལ་ཁབ་ཆེན་པོའི་ལག་ཤེས་པ་སྔར་ལས་མང་པོ་སྐྱེད་སྲིང་བྱས་ནས། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱེད་པར་ནུས་ལྡན་འཇོན་མིའི་འགན་སྲུང་འདོན་སྤྲོད་བྱེད་དགོས་ཟེར།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་མཆན་བཀོད་མཛུབ་སྟོན་གནང་སྟེ་བསྟན་དོན། ལས་རིགས་རྩལ་ནུས་མཐོར་འདེགས་སུ་གཏོང་བ་ནི་ཀྲུང་གོའི་གསར་བཟོ་དང་ཞབས་ཞུ་དེ་རིམ་པ་མཐོ་འབྲིང་ཕྱོགས་སུ་བསྐྱོད་པར་སྐུལ་འདེད་གཏོང་བའི་རྨང་གཞི་གལ་ཆེན་ཞིག་ཡིན་པས། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་འཛིན་རྒྱུ་རྒྱུན་འཁྱོངས་བྱས་ཏེ། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཇུས་ཆོད་བཀོད་སྒྲིག་ལྟར། རྩལ་ནུས་ལྡན་པའི་འཇོན་མི་གསོ་སྐྱོང་དང་སྐྱེད་སྲིང་བྱེད་པའི་མ་ལག་སྔར་ལས་འཐུས་ཚང་དུ་གཏོང་བ་དང་། ཧུར་ཐག་སྒོས་རྩལ་ནུས་ལྡན་པའི་འཇོན་མི་སྐྱེད་སྲིང་བྱེད་པར་ཕན་པ་ཡོད་པའི་ཁོར་ཡུག་བཟང་བོ་གསར་སྐྲུན་བྱེད་དགོས་ལ། དམངས་ཀྱིས་བྱ་གཞག་སྐྲུན་པ་དང་ཀུན་གྱིས་གསར་གཏོད་བྱེད་རྒྱུ་གཏིང་ཟབ་ཏུ་སྤེལ་ཞིང་། བྱང་ཚད་མཐོ་བའི་རྩལ་ནུས་ལྡན་པའི་འཇོན་མིའི་དཔུང་སྡེ་འཛུགས་སྐྲུན་བྱེད་པ་དང་རྒྱལ་ཁབ་ཆེན་མོའི་ལག་ཤེས་པ་སྔར་ལས་མང་པོ་སྐྱེད་སྲིང་བྱས་ནས། ལས་ཞུགས་ལས་སྤེལ་གསར་སྐྲུན་ལ་སྐུལ་འདེད་གཏོང་བ་དང་དཔལ་འབྱོར་སྤུས་ཚད་མཐོ་བའི་སྒོ་ནས་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་བར་ནུས་ལྡན་འདེགས་ཤུགས་འདོན་སྤྲོད་བྱེད་དགོས་ཟེར།

མཛད་སྒོའི་སྟེང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཧུའུ་ཁྲུན་ཧྭ་ཡིས་ཞི་ཅིན་ཕིང་གི་རྟེན་འབྲེལ་འཕྲིན་ཡིག་དང་ལིས་ཁི་ཆང་གི་མཆན་བཀོད་མཛུབ་སྟོན་སྒྲོག་འདོན་བྱས་པར་མ་ཟད་འགྲན་སྡུར་དངོས་སུ་འགོ་བརྩམས་པ་ཁྱབ་སྒྲོག་བྱས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། ཀོང་ཏུང་ཞིང་ཆེན་གྱི་ཏང་ཨུའི་ཧྲུའུ་ཅི་ལིས་ཞི་ཡིས་དགའ་བསུ་ཞུ་བའི་ཤིས་ཚིག་ཕུལ།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།