ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས་འགོ་འཛིན་མཛད་དེ་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་བསྡུས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-12-04
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཟླ12པའི་ཚེས3ཉིན།ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡིས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་བསྡུས། ཚོགས་ཐོག་ནས་དབུལ་ཐར་མཁྲེགས་གཏོར་གྱི་སྤྱི་སྡོམ་དཔྱད་འཇོག་སྙན་ཞུར་ཉན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གྲོས་ཚོགས་ལ་འགོ་འཛིན་མཛད་པར་མ་ཟད་གསུང་བཤད་གལ་ཆེན་གནང་།

ཞི་ཅིན་ཕིང་གིས་བསྟན་དོན། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་ལ། ཏང་ཀྲུང་དབྱང་གིས་མཐུན་སྒྲིལ་སྒོས་ཏང་ཡོངས་དང་རྒྱལ་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ཀྱི་སྣེ་ཁྲིད་དེ། དབུལ་ཐར་མཁྲེགས་གཏོར་ལས་དོན་རྒྱལ་སྐྱོང་སྲིད་འཛིན་གྱི་གོ་གནས་གལ་ཆེན་ཏུ་བཞག་ནས། ཏང་གི་འགོ་ཁྲིད་དང་རང་རྒྱལ་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་ཆབ་སྲིད་དགེ་མཚན་འདོན་སྤེལ་གང་ལེགས་བྱས་པར་མ་ཟད། གསར་རྩོམ་རང་བཞིན་དང་ཁྱད་ལྡན་རང་བཞིན་གྱི་བྱེད་ཐབས་གལ་ཆེན་མང་པོ་བཏོན་ནས། མི་རིགས་ལོ་རྒྱུས་སྟེང་གི་གཞི་ཁྱོན་ཆེས་ཆེ་ལ་སྟོབས་ཤུགས་ཆེས་རྫོགས་པའི་དབུལ་ཐར་མཁྲེགས་གཏོར་གྱི་དམག་འཐབ་རྩ་འཛུགས་དང་ལག་བསྟར་བྱས། ལོ་ངོ་བརྒྱད་ཀྱི་འབད་འབུངས་ལྷོད་མེད་བརྒྱུད་མཐར། ང་ཚོས་དུས་བཅད་ལྟར་དུས་རབས་གསར་པའི་དབུལ་ཐར་མཁྲེགས་གཏོར་གྱི་དམིགས་འབེན་འོས་འགན་ཡོངས་འགྲུབ་བྱས་ནས། ད་ཡོད་ཀྱི་ཚད་གཞིའི་འོག་ནས་གྲོང་གསེབ་ཀྱི་དབུལ་ཕོངས་མི་གྲངས་ཕྱོགས་ཡོངས་ནས་དབུལ་ཐར་དང་རྫོང་དབུལ་བོ་གཅིག་ཀྱང་མ་ལུས་པར་དབུལ་ཕོངས་ཀྱི་ཞྭ་མོ་ཕུད་དུ་བཅུག་སྟེ། ལྟོས་འཇོག་གི་དབུལ་ཕོངས་དང་ས་ཁོངས་རང་བཞིན་གྱི་སྤྱིའི་དབུལ་ཕོངས་གཙང་སེལ་བྱས་མཐར། དབུལ་ཕོངས་མི་གྲངས་དུང་ཕྱུར་གཅིག་ལ་ཉེ་བ་དབུལ་ཐར་བྱུང་དུ་བཅུག་ནས། འཛམ་གླིང་ཡོངས་ཀྱིས་ཡིད་སྨོན་བྱེད་པའི་རྒྱལ་ཁ་ཆེན་པོ་བླངས་ཟེར།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། དབུལ་ཐར་མཁྲེགས་གཏོར་གྱི་རྒྱལ་ཁ་ཆེན་པོས་ལོ་བརྒྱ་དང་པོའི་འབད་འཐབ་དམིགས་འབེན་མངོན་དུ་འགྱུར་བར་རྨང་གཞི་བརྟན་པོ་བཏིངས་པ་དང་། མི་དམངས་མང་ཚོགས་ཀྱི་ཐོབ་ཚོར་དང་སྐྱིད་སྣང་། བདེ་སྣང་བཅས་མངོན་གསལ་གྱིས་ཇེ་དྲག་ཏུ་བཏང་བ་ལས་གཞན། དབུལ་ཕོངས་ས་ཁུལ་གྱི་རྣམ་པ་རྩ་བ་ནས་བསྒྱུར་ཏེ། ཐོན་སྐྱེད་འཚོ་བའི་ཆ་རྐྱེན་ལེགས་བཅོས་བྱས་པར་མ་ཟད། མང་ཚོགས་ཀྱི་འཚོ་བའི་སྤུས་ཚད་ཇེ་མཐོར་བཏང་ནས། སེམས་ཁུར་མེད་པ་གཉིས་དང་འགན་སྲུང་གསུམ་ཁྱོན་ཡོངས་ནས་མངོན་འགྱུར་བྱས། དབུལ་ཐར་མཁྲེགས་གཏོར་གྱི་ལག་ལེན་ཁྲོད་དུ། ཏང་ཀྲུང་དབྱང་གིས་མི་དམངས་བླ་ན་མཐོ་བ་དང་མི་གཞི་རྩར་འཛིན་པའི་རྩ་དོན་རྒྱུན་འཁྱོངས་བྱས་ཏེ། དབུལ་ཕོངས་མང་ཚོགས་དང་རྒྱལ་ཡོངས་ཀྱི་རིགས་སོ་སོའི་མི་དམངས་དང་ལྷན་དུ་འབྱོར་འབྲིང་སྤྱི་ཚོགས་ཀྱི་བགྲོད་ལམ་སྟེང་བསྐྱོད་པ་དང་། མཉམ་དུ་འཚོ་བ་སྐྱིད་པོ་རོལ་རྒྱུ་ནི་དབུལ་ཐར་མཁྲེགས་གཏོར་གྱི་འགོ་རྩོམ་ས་དང་རྐང་འཛུགས་སར་བརྩིས་ཡོད་པས། རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་། སྤྱི་ཚོགས་བཅས་ཀྱིས་མཉམ་དུ་ཤུགས་འདོན་པ་དང་མཉམ་ཤུགས་གྲུབ་པར་བྱས་ཏེ་མཁྲེགས་གཏོར་བྱས་ལ། ཤར་རྒྱུད་དང་ནུབ་རྒྱུད་ཀྱིས་ཕན་ཚུན་ཁ་མིག་ཡར་ལྟ་བྱེད་རེས་བྱས་ནས་རོགས་རམ་བྱས་པ་དང་མཐུན་སྦྱོར་དབུལ་ཐར་བཅས་བྱས་པ་དང་། རྒྱ་ཆེ་བའི་ཏང་ཡོན་དང་ལས་བྱེད་པས་སྡུག་ཐེག་པ་དང་བློས་གཏོང་བར་མི་འཛེམ་པ་བཅས་ཀྱི་གུང་ཁྲན་ཏང་མིའི་འགན་འཁྲི་དང་བློས་གཏོང་གི་ལེགས་སྐྱེས་འབུལ་བའི་ཆོད་སེམས་མངོན་པར་བསྟན་ཟེར།

གྲོས་ཚོགས་ལས་ད་དུང་ལས་རིམ་གཞན་དག་ལའང་ཞིབ་འཇུག་བྱས། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།