ཀྲུང་གོ་བོད་ཀྱི་དྲ་བ།

ལིས་ཁི་ཆང་གིས་འགོ་འཛིན་མཛད་དེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་བསྡུས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-12-03
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཟླ12པའི་ཚེས1ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་འགོ་འཛིན་མཛད་དེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་བསྡུས་ཏེ། ཁུལ་ཁོངས་ཀྱི་ཁྱོན་ཡོངས་དཔལ་འབྱོར་གྲོགས་པོའི་འབྲེལ་བའི་གྲོས་མཐུན་ནུས་ཐོན་ལག་བསྟར་འབྲེལ་ཡོད་བྱ་བ་མྱུར་དུ་ལེགས་པོར་སྒྲུབ་ནས། རང་མོས་ཉོ་ཚོང་སྲུང་སྐྱོབ་བྱེད་པ་དང་མཉམ་ལས་མཉམ་རྒྱལ་གྱི་བར་སྟོང་གསར་བ་རྒྱ་བསྐྱེད་རྒྱུར་བཀོད་སྒྲིག་བྱས་པ་དང་། སྲིད་གཞུང་གི་ལྟ་རྟོག་ཞིབ་བཤེར་བྱ་བའི་སྲོལ་ཡིག་འཆར་ཟིན་ལ་གྲོས་འཆམ་བྱུང་།

ཚོགས་ཐོག་ནས་བསྟན་དོན། ཉེ་ལམ་ཨེ་ཤ་ཡ་ཤར་མའི་མཉམ་ལས་འགོ་ཁྲིད་པའི་གྲོས་ཚོགས་རབ་དང་རིམ་པའི་སྟེང་དངོས་སུ་མིང་བཀོད་པའི་ཁུལ་ཁོངས་ཀྱི་ཁྱོན་ཡོངས་དཔལ་འབྱོར་གྲོགས་པོའི་འབྲེལ་བའི་གྲོས་མཐུན་དེ་ཁོངས་གཏོགས་རྒྱལ་ཁབ་ཀྱིས་རྒྱལ་སྤྱིའི་ཁོར་ཡུག་གི་གཏན་འཁེལ་མིན་པའི་རང་བཞིན་ལ་མཉམ་དུ་ཁ་གཏད་འཇལ་བ་དང་། ཁུལ་ཁོངས་ནང་ཁུལ་གྱི་རང་མོས་ཉོ་ཚོང་ལ་སྔར་ལས་སྐུལ་འདེད་གཏོང་བ། ཐོན་ལས་ཕྲེང་འབྲེལ་དང་མཁོ་སྤྲོད་ཕྲེང་འབྲེལ་བརྟན་འཇགས་སུ་གཏོང་བ། འབྲེལ་ཡོད་རྒྱལ་ཁབ་ཀྱི་མི་དམངས་ལ་བདེ་སྐྱིད་བསྐྲུན་པ། རང་རྒྱལ་གྱི་ཆུ་ཚད་མཐོ་བའི་སྒོ་འབྱེད་ལ་སྔར་ལས་སྐུལ་འདེད་གཏོང་བ་བཅས་ལ་དོན་སྙིང་གལ་ཆེན་ལྡན། རང་རྒྱལ་གྱིས་རང་སྟེང་གི་འགུལ་སྐྱོད་ལ་བརྟེན་ནས་གྲོས་མཐུན་ལག་བསྟར་བྱས་ནས་ཕན་འབྲས་ཐོབ་པར་སྐུལ་འདེད་གཏོང་བའི་ཐད་ལ་དགོས་གལ་ཆེ་བའི་བྱ་བ་གང་མང་བསྒྲུབ་དགོས་ཟེར། ཚོགས་ཐོག་ནས་འབྲེལ་ཡོད་ལས་ཁུངས་ཀྱིས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀོད་སྒྲིག་ལྟར། གྲོས་མཐུན་ལས་གཏན་འཁེལ་བྱས་པའི་ལས་བགོས་དང་དུས་ཚད་ལ་ཞིབ་སྡུར་བྱས་ནས། གྲོས་མཐུན་གྱི་ནུས་ཐོན་ལག་བསྟར་བྱེད་པའི་རྒྱལ་ནང་གི་འབྲེལ་ཡོད་བྱ་བ་སྔ་མོ་ནས་ཡོངས་འགྲུབ་བྱེད་དགོས་པའི་རེ་བ་བཏོན།

ཚོགས་ཐོག་ནས་སྲིད་གཞུང་གི་ལྟ་རྟོག་ཞིབ་བཤེར་བྱ་བའི་སྲོལ་ཡིག་འཆར་ཟིན་ལ་གྲོས་འཆམ་བྱུང་།

ཚོགས་ཐོག་ནས་ད་དུང་དོན་དག་གཞན་དག་ལ་ཞིབ་འཇུག་བྱས། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།