ཀྲུང་གོ་བོད་ཀྱི་དྲ་བ།

ལིས་ཁི་ཆང་གིས་ཨེ་ཙིའི་ནད་འགོག་བཅོས་བྱ་བའི་ཐད་མཆན་བཀོད་མཛུབ་སྟོན་གལ་ཆེན་གནང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-12-01
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གིས་སྤེལ་བའི་གློག་འཕྲིན།  ད་ལོའི་ཟླ་བཅུ་གཉིས་པའི་ཚེས་གཅིག་ཉིན་ནི་འཛམ་གླིང་ཨེ་ཙིའི་ནད་ཉིན་མོ་སྐབས་སོ་གསུམ་པ་ཡིན་པ་དང་ ། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཉེ་སྔོན་ཨེ་ཙིའི་ནད་འགོག་བཅོས་བྱ་བའི་ཐད་ནས་མཆན་བཀོད་མཛུབ་སྟོན་གལ་ཆེན་གནང་། མཆན་བཀོད་མཛུབ་སྟོན་ནང་བསྟན་དོན། ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོ། སྤྱི་ཚོགས་ཡོངས་ཀྱིས་མཉམ་དུ་འབད་འཐབ་བརྒྱུད་དེ། ལོ་ལྔའི་འཆར་འགོད་བཅུ་གསུམ་པའི་སྐབས་སུ་རང་རྒྱལ་གྱི་ཨེ་ཙིའི་ནད་འགོག་བཅོས་ཐད་ནས་གྲུབ་འབྲས་མངོན་གསལ་བླངས། མུ་མཐུད་དུ་ལྷོད་གཡེང་ཙུང་ཙམ་ཡང་མི་བྱེད་པར་ཨེ་ཙིའི་ནད་འགོག་བཅོས་བྱ་བ་བཟང་བོར་བསྒྲུབ་པ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་ཁྲིད་དུ་བྱེད་པ་རྒྱུན་འཁྱོངས་བྱེད་པ། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཇུས་ཆོད་བཀོད་སྒྲིག་ལག་བསྟར་ནན་མོ་བྱེད་པ། ནད་རིགས་སྔོན་འགོག་ཚོད་འཛིན་མ་ལག་བཅོས་བསྒྱུར་ལ་ཟུང་འབྲེལ་བྱེད་པ། འགོག་བཅོས་མ་ལག་དང་འབྲེལ་ཡོད་རྐྱེན་སྲོལ་འཐུས་ཚང་དུ་གཏོང་བ། སྲིད་གཞུང་དང་སྡེ་ཁག སྤྱི་ཚོགས། མི་སྒེར་བཅས་ཕྱོགས་བཞིའི་འགན་འཁྲི་ཇེ་དྲག་ཏུ་གཏོང་བ། འབུར་ཐོན་དཀའ་གནད་དང་འགྲན་རྩོད་ལ་དམིགས་པ། འགོག་བཅོས་བྱ་བ་སྤེལ་ཤུགས་ཆེ་རུ་གཏོང་བ། སྤྱོད་ཚུལ་ཉེན་ཁ་ཅན་དང་ནད་རིགས་བརྒྱུད་མཆེད་སྔར་ལས་ཇེ་ཉུང་དུ་གཏོང་བ། ཚན་རིག་ཞིབ་འཇུག་དང་སྨན་རྫས་མཁོ་འདོན་འགན་སྲུང་ལ་ཤུགས་སྣོན་པ། ཨེ་ཙིའི་ནད་དུག་འགོས་པའི་ནད་པར་རོགས་སྐྱོར་དང་མི་ཆོས་སེམས་ཁུར་བྱེད་པ། སྤྱི་ཚོགས་སྟོབས་ཤུགས་ཀྱི་ཨེ་ཙིའི་ནད་འགོག་པའི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ་བཅས་བྱས་ནས། མི་དམངས་མང་ཚོགས་ཀྱི་ལུས་ཕུང་བདེ་ཐང་དང་ཚེ་སྲོག་བདེ་འཇགས་ལ་འགན་སྲུང་བྱེད་པ་དང་བདེ་ཐང་ཀྲུང་གོ་འཛུགས་སྐྲུན་བྱེད་པའི་བྱས་རྗེས་སྔར་ལས་ཆེན་པོ་འཇོག་དགོས་ཟེར།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།