ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་ཡོངས་སྲིད་གྲོས་ཀྱིས་པེ་ཅིན་ནས་ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་བསླབ་དེབ་ཏུ་བཀོད་པ་དང་སློབ་ཁང་དང་སློབ་གྲྭ་རུ་སྤེལ་བར་སྐུལ་འདེད་གཏོང་བའི་དྲ་རྒྱའི་སྲིད་གླེང་རྒྱང་བསྟེན་གྲོས་མོལ་ཚོགས་འདུ་བསྡུས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-11-28
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གིས་སྤེལ་བའི་གློག་འཕྲིན། ཟླ་བཅུ་གཅིག་པའི་ཚེས་ཉེར་བདུན་ཉིན། རྒྱལ་ཡོངས་སྲིད་གྲོས་ཀྱིས་པེ་ཅིན་ནས་ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་བསླབ་དེབ་ཏུ་བཀོད་པ་དང་སློབ་ཁང་དང་སློབ་གྲྭ་རུ་སྤེལ་བར་སྐུལ་འདེད་གཏོང་བའི་དྲ་རྒྱའི་སྲིད་གླེང་རྒྱང་བསྟེན་གྲོས་མོལ་ཚོགས་འདུ་བསྡུས་བ་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་དབྱང་གིས་གྲོས་ཚོགས་ལ་འགོ་འཛིན་མཛད་པར་མ་ཟད་གསུང་བཤད་གནང་། ཁོང་གིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དང་འཕེལ་རྒྱས་སུ་གཏོང་བའི་སྐོར་གྱི་རྒྱས་བཤད་གལ་ཆེན་ལ་གོ་བ་ཟབ་མོ་བླངས་ཏེ། རིག་གནས་ཡིད་ཆེས་ཇེ་བརྟན་དུ་གཏོང་བའི་མཐོ་ཚད་ནས་ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་བསླབ་དེབ་ཏུ་བཀོད་པ་དང་སློབ་ཁང་དང་སློབ་གྲྭ་རུ་སྤེལ་བར་སྐུལ་འདེད་གཏོང་བའི་དོན་སྙིང་གལ་ཆེན་ལ་ངོས་འཛིན་གསལ་བོ་བྱེད་པ་དང་། ཀུན་སྤྱོད་ལེགས་པའི་མི་སྣ་སྐྱེད་སྲིང་བྱེད་པའི་རྩ་བའི་ལས་འགན་གཅིག་སྡུད་བྱས་ཏེ། སྤྱི་ཡོངས་ཀྱི་ཇུས་འགོད་དང་རིགས་བགར་ཇུས་བསྟར་ཟུང་འབྲེལ་བྱེད་པ་དང་ནང་དོན་ལེགས་སྒྱུར་དང་རྣམ་པ་གསར་སྐྲུན་བྱེད་པ་ཟུང་འབྲེལ་བྱེད་པ། གནད་དོན་ཁྲིད་ཕྱོགས་དང་དམིགས་འབེན་ཁྲིད་ཕྱོགས་ཟུང་འབྲེལ་བྱེད་པ་བཅས་རྒྱུན་འཁྱོངས་བྱས་ནས། ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་དེ་བྱིས་པ་ཀུན་ལ་ཤེས་སུ་འཇུག་པ་དང་རིག་གནས་ཀྱི་ཡིད་ཆེས་བརྟན་པོ་ཡོད་པའི་སྤྱི་ཚོགས་རིང་ལུགས་ལས་དོན་འཛུགས་སྐྲུན་མཁན་དང་རྒྱུན་འཛིན་མཁན་སྐྱེད་སྲིང་བྱེད་དགོས་ཟེར།

སྲིད་གྲོས་ཨུ་ཡོན་བཅུ་གཅིག་དང་གཞི་རིམ་མང་ཚོགས་གཅིག་གིས་རྒྱལ་ཡོངས་སྲིད་གྲོས་ལས་ཁུངས་དང་ཐེན་ཅིན་དང་ཧྲན་ཏུང་། ཧུའུ་ནན་བཅས་ཚོགས་ར་བཞི་དང་དེ་མིན་བརྙན་རིས་ཀྱི་རྣམ་པར་བརྟེན་ནས་གཏམ་བཤད་པ་དང་། ཨུ་ཡོན་དགུ་བཅུ་ལྷག་གིས་སྤོ་སྒུལ་འགན་འཁྲི་ལག་བསྟར་སྟེགས་བུའི་སྟེང་བསམ་འཆར་བཀོད། ཚང་མས་བལྟས་ན། ཉེ་བའི་ལོ་འགའི་རིང་ལ། ས་གནས་སོ་སོ་དང་ལས་ཁུངས་སོ་སོས་ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་བསླབ་དེབ་ཏུ་བཀོད་པ་དང་སློབ་ཁང་དང་སློབ་གྲྭ་རུ་སྤེལ་བར་སྐུལ་འདེད་གཏོང་བར་དམིགས་ཏེ་བྱ་བ་གང་མང་སྒྲུབ་ནས་ཕན་འབྲས་མངོན་གསལ་བླངས། ཡིན་ནའང་ལག་ལེན་ཁྲོད་དུ་སྤྱི་ཡོངས་སུ་ཇུས་འགོད་བྱས་པ་མི་ལེགས་པ་དང་། གོ་རིམ་རང་བཞིན་མི་ལྡན་པ། འཕེལ་རྒྱས་དོ་མཉམ་མིན་པ། འགན་སྲུང་ཆ་རྐྱེན་ཞན་པ། སྲིད་ཇུས་ཁ་ཤས་ལག་བསྟར་བྱེད་དཀའ་བ་སོགས་ཀྱི་གནད་དོན་གནས་ཡོད་པར་སྙམ།

ཀྲུང་དབྱང་དྲིལ་སྒྲོག་པུའུ་དང་སློབ་གསོ་པུའུ། ནོར་སྲིད་པུའུ། རིག་གནས་དང་གནས་སྐོར་པུའུ་སོགས་ཀྱི་འགན་འཁུར་བས་ཡུལ་དངོས་ནས་གླེང་མོལ་དང་བརྗེ་རེས་བྱས།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།