ཀྲུང་གོ་བོད་ཀྱི་དྲ་བ།

ལིས་ཀྲན་ཧྲུའུ་ཀྲུང་གོ་དང་ཨུ་རུ་སིའི་གྲོས་ཁང་མཉམ་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་དྲུག་པའི་བརྙན་རིས་གྲོས་ཚོགས་འགོ་བརྩམས་པའི་མཛད་སྒོར་ཞུགས་པར་མ་ཟད་ཤིས་ཚིག་ཕུལ།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-11-03
ཡིག་གཟུགས། :ཆུང་། འབྲིང་། ཆེ།

202011031013084R2H.jpg

ཟླ་བཅུ་གཅིག་པའི་ཚེས་གཉིས་ཉིན། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ལིས་ཀྲན་ཧྲུའུ་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཀྲུང་གོ་དང་ཨུ་རུ་སིའི་གྲོས་ཁང་མཉམ་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་དྲུག་པའི་བརྙན་རིས་གྲོས་ཚོགས་འགོ་བརྩམས་པའི་མཛད་སྒོར་ཞུགས་པར་མ་ཟད་ཤིས་ཚིག་ཕུལ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ་བཅུ་གཅིག་པའི་ཚེས་གཉིས་ཉིན། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ལིས་ཀྲན་ཧྲུའུ་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཀྲུང་གོ་དང་ཨུ་རུ་སིའི་གྲོས་ཁང་མཉམ་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་དྲུག་པའི་བརྙན་རིས་གྲོས་ཚོགས་འགོ་རྩོམ་པའི་མཛད་སྒོར་ཞུགས་པར་མ་ཟད་ཤིས་ཚིག་ཕུལ།

ལིས་ཀྲན་ཧྲུའུ་ཡིས་གསུངས་རྒྱུར། ཀྲུའུ་ཞི་ཞི་ཅིན་ཕིང་དང་ཙུང་ཐུང་ཕུའུ་ཅིན་རྣམ་གཉིས་ཀྱིས་དངོས་སུ་སྣེ་ཁྲིད་དང་སྐུལ་འདེད་བཏང་འོག ཀྲུང་གོ་དང་ཨུ་རུ་སིའི་འབྲེལ་བ་དེ་སྔར་ལས་མཐོ་བའི་ཆུ་ཚད་དང་སྔར་ལས་འཕེལ་རྒྱས་བྱུང་བའི་དུས་རབས་གསར་བར་ཞུགས། ལོ་བརྒྱ་ལ་འཕྲད་མི་སྲིད་པའི་པྲོག་གསར་གློ་ཚད་རིམས་ནད་འགོས་ཁྱབ་ཏུ་འགྲོ་སྐབས། ཀྲུང་གོ་དང་ཨུ་རུ་སིའི་འཐབ་ཇུས་རོགས་ལས་ཀྱིས་ཉམས་སད་ཐེག་པ་དང་། རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱིས་དཀའ་ཁག་མཉམ་སེལ་བྱས་པའི་མཛའ་བཤེས་སྔར་ལས་ཇེ་ཟབ་ཏུ་གྱུར་ཟེར།

ལིས་ཀྲན་ཧྲུའུ་ཡིས་གསུངས་རྒྱུར། ཀྲུང་གོ་དང་ཨུ་རུ་སིའི་གྲོས་ཁང་མཉམ་ལས་ཨུ་ཡོན་ལྷན་ཁང་ནི་རྒྱལ་ཁབ་གཉིས་ཀྱི་འགོ་གཙོས་བཏོན་པའི་ཐུན་མོང་གི་ལྟ་ཚུལ་དངོས་འབེབས་བྱེད་པའི་སྟེགས་བུ་གལ་ཆེན་ཞིག་ཡིན་པས། ཀྲུང་གོ་རྒྱལ་ཡོངས་དམངས་ཆེན་གྱིས་ཨུ་རུ་སི་རྒྱལ་ཕྲན་མཉམ་འབྲེལ་ཨུ་ཡོན་ལྷན་ཁང་དང་རྒྱལ་ཁབ་གྲོས་ཁང་ཞོལ་མ་དང་མཉམ་དུ་ཀྲུང་གོ་དང་ཨུ་རུ་སིའི་དུས་རབས་གསར་བར་ཁྱོན་ཡོངས་འཐབ་ཇུས་རོགས་ལས་གྲོགས་པོའི་འབྲེལ་བར་སྔར་ལས་སྐུལ་སྤེལ་བྱེད་པ་དང་། རྒྱལ་ཁབ་རང་རང་གི་འཕེལ་རྒྱས་དང་དར་སྤེལ་དམིགས་འབེན་མངོན་འགྱུར་བྱེད་པར་ལག་རྡང་སྦྲེལ་ཏེ་ཉེན་ཁ་དང་འགྲན་རྩོད་སྣ་ཚོགས་ལ་ཁ་གཏད་འཇལ་བ་དང་འཛམ་གླིང་གི་ཞི་བདེ་དང་བདེ་འཇགས་མཉམ་དུ་སྲུང་སྐྱོབ་བྱེད་པ་དང་། མིའི་རིགས་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པ་གསར་སྐྲུན་བྱེད་པར་སྐུལ་འདེད་གཏོང་བའི་ཐད་ལ་ཁྲིམས་འཛུགས་ལས་ཁུངས་ཀྱིས་བྱས་རྗེས་འཇོག་འདོད་ཡོད་ཟེར།

ལིས་ཀྲན་ཧྲུའུ་ཡིས་རྒྱལ་ཁབ་གཉིས་ཀྱི་ཁྲིམས་འཛུགས་ལས་ཁུངས་བར་གྱི་བརྗེ་རེས་དང་མཉམ་ལས་ལ་ཤུགས་སྣོན་པར་གྲོས་གཞི་བཞི་བཏོན། གཅིག རྒྱལ་ཁབ་གཉིས་ཀྱི་འགོ་གཙོས་བཏོན་པའི་ཐུན་མོང་གི་ལྟ་ཚུལ་དངོས་འབེབས་བྱེད་རྒྱུ་དེ་ཁྲིམས་འཛུགས་ལས་ཁུངས་ཀྱི་བརྗེ་རེས་དང་མཉམ་ལས་ཀྱི་ལས་འགན་གལ་ཆེན་དུ་འཇོག་པ་རྒྱུན་འཁྱོངས་བྱས་ཏེ། ཁྲིམས་འཛུགས་ལས་ཁུངས་ཕྱོགས་ནས་རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་བྱེད་པ་དེ་ཡོ་རོབ་གླིང་དང་ཨེ་ཤ་ཡའི་དཔལ་འབྱོར་མནའ་འབྲེལ་དང་འབྲེལ་མཐུད་བྱེད་པར་སྐུལ་འདེད་གཏོང་དགོས། གཉིས། ཀྲུང་གོ་དང་ཨུ་རུ་སི་དང་རྒྱལ་སྤྱིའི་རིམས་འགོག་མཉམ་ལས་ལ་ཡར་སྐུལ་བྱས་ཏེ། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་ནུས་པ་གལ་ཆེན་འདོན་པར་མཉམ་དུ་རྒྱབ་སྐྱོར་བྱེད་པ་དང་། མིའི་རིགས་ཀྱི་འཕྲོད་བསྟེན་བདེ་ཐང་གཅིག་མཐུན་ཚོགས་པ་གསར་སྐྲུན་བྱེད་པར་སྐུལ་འདེད་གཏོང་དགོས། གསུམ། ཕྱི་འབྲེལ་ཁྲིམས་སྐྱོང་འཛུགས་སྐྲུན་ཉམས་མྱོང་བརྗེ་རེས་ལ་ཤུགས་བསྣན་ཏེ། ཕྱོགས་གཅིག་རིང་ལུགས་དང་སྲུང་སྐྱོབ་རིང་ལུགས། བཙན་ཤུགས་སྤྱོད་ཚུལ་གྱིས་རྒྱལ་སྤྱིའི་འབྲེལ་བ་དང་རྒྱལ་སྤྱིའི་སྒྲིག་ལམ་ལ་གནོད་པ་བཟོས་བར་མཉམ་དུ་ཁ་གཏད་འཇལ་དགོས།  བཞི། རྒྱལ་སྤྱི་དང་ས་གནས་ལས་དོན་ཁྲོད་དུ་རོགས་ལས་དམ་པོ་བྱས་ཏེ། ཁྲིམས་འཛུགས་ཀྱི་ངོས་ཐད་ནས་རྒྱལ་སྤྱི་དང་ས་གནས་ཀྱི་བདེ་འཇགས་དང་བརྟན་འཇགས་སྲུང་སྐྱོབ་བྱེད་པ་དང་འཛམ་གླིང་ཡོངས་ཀྱི་བཅོས་སྐྱོང་མ་ལག་བཅོས་སྒྱུར་དང་འཐུས་ཚང་དུ་གཏོང་བར་མཉམ་དུ་རེ་བ་འདོན་དགོས་ཟེར། །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།