ཞི་ཅིན་ཕིང་གིས་འཛམ་གླིང་རྩེར་སོན་ཚན་རིག་པའི་གླེང་སྟེགས་སྐབས་གསུམ་པར་བརྙན་རིས་ཞུ་ཚིག་ཕུལ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར་ན། འཛམ་གླིང་རྩེར་སོན་ཚན་རིག་པའི་གླེང་སྟེགས་སྐབས་གསུམ་པ་ཟླ་བཅུ་བའི་ཚེས་སུམ་ཅུའི་ཉིན་ཧྲང་ཧེ་ནས་ཚོགས། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་གླེང་སྟེགས་ལ་བརྙན་རིས་ཞུ་ཚིག་ཕུལ། 

ཞི་ཅིན་ཕིང་གིས་བསྟན་དོན། པྲོག་གསར་གློ་ཚད་རིམས་ནད་བྱུང་བའི་ཚུན་ལ། རྒྱལ་ཁབ་སོ་སོའི་ཚན་རིག་པས་སྟོབས་ཤུགས་གཅིག་ཏུ་སྒྲིལ་ནས་རིམས་འགོག་ཐབས་ལམ་འཚོལ་ཞིབ་བྱས་ཤིང་། གསོ་བཅོས་དང་སྨན་རྫས། འགོག་སྨན་གྱི་གསར་སྤེལ། འགོག་སྲུང་སོགས་ཁྱབ་ཁོངས་གལ་ཆེན་མང་བོར་ཚན་རྩལ་འགག་སྒྲོལ་དང་རྒྱལ་ཁོངས་བརྒལ་བའི་མཉམ་ལས་སྤེལ་ཏེ། རིམས་འགོག་ཐད་བྱས་རྗེས་གལ་ཆེན་བཞག་ཡོད། མིག་སྔའི་གནས་བབ་འོག་དང་། ཁྱད་པར་དུ་པྲོག་གསར་གློ་ཚད་རིམས་ནད་ཀྱི་སྨན་རྫས་དང་འགོག་སྨན། ཞིབ་བཤེར་བཅས་ཁྱབ་ཁོངས་ཀྱི་ཞིབ་འཇུག་མཉམ་ལས་སྤེལ་དགོས་པ་དང་། ནམ་ཟླའི་འགྱུར་ལྡོག་དང་མིའི་རིགས་ཀྱི་བདེ་ཐང་སོགས་ཐུན་མོང་གནད་དོན་གཙོར་བཟུང་སྟེ་ཚན་རྩལ་གསར་གཏོད་ཀྱིས་མིའི་རིགས་ལ་སྔར་ལས་བདེ་སྐྱིད་བསྐྲུན་དགོས། 

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཀྲུང་གོས་ཚན་རྩལ་གསར་གཏོད་བྱ་བར་མཐོང་ཆེན་བྱེད་ཅིང་། གསར་གཏོད་དེ་འཕེལ་རྒྱས་ལ་སྣེ་ཁྲིད་བྱེད་པའི་སྒུལ་ཤུགས་གཙོ་བོར་བྱེད་པ་རྒྱུན་འཁྱོངས་བྱས་ཡོད། ཀྲུང་གོས་སྔར་ལས་སྒོ་འབྱེད་བཟོད་སྒོམ་དང་གཉིས་ཕན་མཉམ་སྤྱོད་ཀྱི་རྒྱལ་སྤྱིའི་ཚན་རྩལ་གྱི་མཉམ་ལས་འཐབ་ཇུས་ལག་བསྟར་བྱེད་རྒྱུ་ཡིན་པ་དང་། འཛམ་གླིང་ཡོངས་ཀྱི་རྩེར་སོན་ཚན་རིག་པ་དང་རྒྱལ་སྤྱིའི་ཚན་རྩལ་རྩ་འཛུགས་དང་མཉམ་དུ། ཚན་རིག་གནད་དོན་གལ་ཆེན་གྱི་ཞིབ་འཇུག་ལ་ཤུགས་སྣོན་པ་དང་། གཤིས་མཐུན་ཚན་རིག་ལག་རྩལ་གྱི་གསར་གཏོད་ལ་ཤུགས་བསྣན་ནས། འཐབ་ཇུས་ཚན་རིག་ལས་གཞིའི་རོགས་ལས་གཙོ་བོར་ཤུགས་སྣོན་འདོད་ཡོད། ཚན་རིག་པ་སོ་སོས་ཧུར་ཐག་སྒོས་བསམ་བློ་བརྗེ་རེས་དང་མཉམ་ལས་ལ་སྐུལ་འདེད་བཏང་སྟེ། མཉམ་དུ་འཛམ་གླིང་གི་ཚན་རིག་ལས་དོན་ལ་ཡར་སྐུལ་གཏོང་དགོས་པའི་རེ་བ་བཏོན། 

འཛམ་གླིང་གི་རྩེར་སོན་ཚན་རིག་པའི་གླེང་སྟེགས་དེ་འཛམ་གླིང་རྩེར་སོན་ཚན་རིག་པའི་མཐུན་ཚོགས་ཀྱིས་སྤེལ་བ་དང་། ཧྲང་ཧེ་གྲོང་ཁྱེར་ཏང་ཨུ་དང་གྲོང་ཁྱེར་སྲིད་གཞུང་གིས་གཙོ་སྒྲུབ་བྱས་ཏེ། ད་ལྟའི་བར་སྐབས་གཉིས་སྤེལ་ཡོད། སྐབས་འདིའི་གླེང་སྟེགས་ཀྱི་བརྗོད་སྙིང་ནི་ཚན་རིག་ནི་མིའི་རིགས་ཀྱི་ཐུན་མོང་ལས་སྐལ་གྱི་ཆེད་དུ་ཡིན་ཞེས་པ་དེ་ཡིན་ཞིང་། སྐུད་ཐོག་བརྙན་རིས་དང་ཚོགས་ཞུགས་ཟུང་དུ་འབྲེལ་བའི་ཐབས་ཀྱིས་སྤེལ་བ་དང་། འཛམ་གླིང་ཡོངས་ཀྱི་ཚན་རིག་པ་སུམ་བརྒྱ་ལྷག་ཡོད་པ་དང་། དེའི་ནང་ནོ་པེལ་བྱ་དགའ་ཐོབ་མཁན་རེ་གཅིག་གྲོས་ཚོགས་ལ་ཞུགས་ཡོད། །

རྩོམ་སྒྲིག་པ། བདེ་ལེགས་མཚོ།

དཔྱད་མཆན 0 ཡོད།