ཀྲུང་གོ་བོད་ཀྱི་དྲ་བ།

ལིས་ཁི་ཆང་གིས་འགོ་འཛིན་མཛད་དེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཏང་ཙུའུ་གྲོས་ཚོགས་བསྡུས་ཏེ་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་སློབ་སྦྱོང་དང་ལག་ལེན་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-10-31
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར་ན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི། ཏང་ཙུའུ་ཧྲུའུ་ཅི་ལིས་ཁི་ཆང་གིས་ཟླ་བཅུ་བའི་ཚེས་སུམ་ཅུའི་ཉིན་འགོ་འཛིན་མཛད་དེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཏང་ཙུའུ་གྲོས་ཚོགས་བསྡུས་ཏེ། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་སློབ་སྦྱོང་དང་ལག་ལེན་བྱས། 

གྲོས་ཚོགས་ནས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཚང་འཛོམས་གྲོས་ཚོགས་སྟེང་ཕུལ་བའི་བྱ་བའི་སྙན་ཞུ་དང་གསུང་བཤད་གལ་ཆེན་ལས། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་ཚུན་གྱི་ཏང་དང་རྒྱལ་ཁབ་ཀྱི་ལས་དོན་སྣ་ཚོགས་ཐད་བླངས་པའི་གྲུབ་འབྲས་གལ་ཆེན་སྤྱི་བསྡོམས་བྱས་པ་དང་། ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་རྒྱལ་ཁབ་ཀྱི་བཞུད་ལམ་གསར་བ་འཛུགས་སྐྲུན་བྱེད་པར་རེ་བ་བཏོན་ཡོད། ཚང་འཛོམས་གྲོས་ཚོགས་ནས་ད་རུང་ཀྲུང་གུང་ཀྲུང་དབྱང་གི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལོ་ལྔའི་འཆར་འགོད་བཅུ་བཞི་པ་དང་ཉིས་སྟོང་སོ་ལྔ་ལོའི་རྒྱང་རིང་དམིགས་འབེན་གཏན་འབེབས་བྱེད་པའི་སྐོར་གྱི་གྲོས་གཞིར་གྲོས་ཞིབ་བྱས་ཏེ་གྲོས་འཆམ་བྱུང་། རྒྱལ་སྲིད་སྤྱི་ཁྱབ་ཁང་ཏང་ཙུའུ་དང་སྲིད་གཞུང་ཁོངས་གཏོགས་ཀྱིས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་དང་ལག་ལེན་བྱས་ནས། བསམ་བློ་དང་འགུལ་སྐྱོད་དེ་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སྟེང་གཅིག་གྱུར་བྱེད་དགོས། 

གྲོས་ཚོགས་ནས་བསྟན་དོན། ཚང་འཛོམས་གྲོས་ཚོགས་ནས་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་བྱེད་པའི་ཐད་ནས་བླངས་པའི་ཐག་གཅོད་རང་བཞིན་གྱི་གྲུབ་འབྲས་ལ་གདེང་འཇོག་ཆེན་པོ་བྱས་ཤིང་། ལོ་ལྔའི་འཆར་འགོད་བཅུ་གསུམ་པའི་སྐབས་སུ་རང་རྒྱལ་གྱི་དཔལ་འབྱོར་སྟོབས་ཤུགས་དང་ཚན་རྩལ་སྟོབས་ཤུགས། ཕྱོགས་བསྡུས་རྒྱལ་ཤུགས་བཅས་སྐས་རིམ་གསར་བ་ཞིག་ཏུ་སླེབས་ཡོད་པ་དང་། མི་དམངས་ཀྱི་འཚོ་བའི་ཆུ་ཚད་ལ་མཐོར་འདེགས་མངོན་གསལ་བྱུང་ཡོད། ལོ་ལྔའི་འཆར་འགོད་བཅུ་བཞི་པའི་སྐབས་སུ། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་བྱས་ཤིང་། འཕེལ་རྒྱས་འདུ་ཤེས་གསར་བ་ལག་ལེན་བྱེད་པ་དང་། བརྟན་ཐོག་ཡར་འཕེལ་གྱི་བྱ་བའི་སྤྱིའི་དགོངས་གཞི་རྒྱུན་འཁྱོངས་བྱས་ཏེ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བརྗོད་སྙིང་དང་འདོན་སྤྲོད་ཕྱོགས་ཀྱི་སྒྲིག་གཞི་རང་བཞིན་གྱི་བཅོས་བསྒྱུར་གཏིང་ཟབ་ཏུ་སྤེལ་བ་སྲོག་ཤིང་དུ་བྱས་ནས། འཕེལ་རྒྱས་ཀྱི་རྣམ་པ་གསར་བ་འཛུགས་དགོས། ཕྱོགས་ཡོངས་ནས་བཅོས་བསྒྱུར་གཏིང་ཟབ་ཏུ་སྤེལ་བ་དང་ཚོང་གཉེར་ཁོར་ཡུག་ལེགས་བཅོས་བྱས་ཏེ་ཚན་རྩལ་གསར་གཏོད་ལ་ཡར་སྐུལ་གཏོང་དགོས། ནང་མཁོ་རྒྱ་བསྐྱེད་པའི་འཐབ་ཇུས་དང་ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་འབྱེད་ལག་བསྟར་བྱེད་དགོས། མི་དམངས་སྙིང་བོར་བྱེད་པ་རྒྱུན་འཁྱོངས་བྱས་ཏེ། སྔར་ལས་ལྷག་པའི་སྒོ་ནས་མི་དམངས་ཀྱི་ཉིན་རེ་བཞིན་ཇེ་དྲག་ཏུ་འགྲོ་བའི་མཛེས་སྡུག་འཚོ་བའི་དགོས་མཁོ་བསྐང་དགོས། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་འཕེལ་རྒྱས་དུས་རིམ་གསར་བའི་ཆེ་ཕྱོགས་ནས་འགོ་བརྩམས་ཤིང་། རྒྱལ་ཁབ་ཀྱི་གནས་ཚུལ་ལ་རྐང་བཙུགས་ཏེ། དངོས་ཐོག་བདེན་འཚོལ་གྱིས་ལོ་ལྔའི་འཆར་འགོད་བཅུ་བཞི་པའི་རྩ་གནད་མྱུར་དུ་སྒྲིག་བཟོ་བྱས་ནས། ཚང་འཛོམས་གྲོས་ཚོགས་དང་གྲོས་གཞིའི་བཀོད་སྒྲིག་དངོས་འབེབ་བྱེད་དགོས། 

གྲོས་ཚོགས་ནས་ནན་གྱིས་བསྟན་དོན། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་ཉེ་འཁོར་དུ་མཐུན་སྒྲིལ་དམ་པོ་བྱེད་པ་དང་། རིམས་ནད་འགོག་བཅོས་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་བྱ་བར་གཅིག་གྱུར་འཆར་འགོད་དང་སྐུལ་འདེད་བཏང་སྟེ། ལོ་ལྔའི་འཆར་འགོད་བཅུ་བཞི་པའི་འགོ་བཟང་བོར་རྩོམ་པར་རྨང་གཞི་བརྟན་པོ་འདིང་དགོས་ཟེར། །

རྩོམ་སྒྲིག་པ། : བདེ་ལེགས་མཚོ།