ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་གོ་དང་ཨ་ཧྥེ་རི་ཁའི་ན་གཞོན་གྱིས་རིག་གནས་བརྗེ་རེས་བྱ་འགུལ་སྤེལ་ཏེ་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་གླེང་སྟེགས་བཙུགས་ནས་ལོ་ངོ་ཉི་ཤུ་འགོར་བར་དགའ་སྟོན་རྟེན་འབྲེལ་ཞུས།

ཡོང་ཁུངས། : མཚོ་སྔོན་གསར་འགྱུར་དྲ་བ།     སྤེལ་དུས། : 2020-10-27
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཀྲུང་གོའི་ཕྱི་འབྲེལ་པུའུ་དང་ཀྲུང་གོའི་སུང་ཆིན་ལིན་ཐེབས་རྩ་ཚོགས་པ། ཅང་ཞི་ཞིང་ཆེན་སྲིད་གཞུང་བཅས་ཀྱིས་མཉམ་དུ་སྤེལ་བའི་ཀྲུང་གོ་ཨ་ཧྥེ་རི་ཁའི་ན་གཞོན་གྱི་མཉམ་སྤྲོའི་ཚོགས་འདུ་ཚེས་ཉེར་དྲུག་ཉིན་པེ་ཅིང་ནས་སྤེལ། 

སྐབས་འདིའི་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་ན་གཞོན་གྱི་མཉམ་སྤྲོའི་ཚོགས་འདུ་ཡིས་ལང་ཚོའི་ཕུགས་འདུན་གཅིག་ཏུ་བསྡུས་ཏེ། ཀྲུང་གོ་དང་ཨ་ཧྥེ་རི་ཁའི་འབྲེལ་བའི་དུས་རབས་གསར་བ་མཉམ་བསྐྲུན་བྱེད་པ་སྟེ་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་ན་གཞོན་གྱིས་མཉམ་དུ་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་གླེང་སྟེགས་བཙུགས་ནས་ལོ་ངོ་ཉི་ཤུ་འགོར་བར་དགའ་སྟོན་རྟེན་འབྲེལ་ཞུ་བ་བརྗོད་སྙིང་དུ་བྱས་ཡོད། བྱ་འགུལ་དེའི་ཡུན་ཚད་ཉིན་བདུན་ཡིན་པ་དང་། ཨ་ཧྥེ་རི་ཁ་གླིང་གི་ཀྲུང་གོར་སྡོད་པའི་ན་གཞོན་འཐུས་མི་ཞེ་གཉིས་ཀྱིས་པེ་ཅིང་དང་ཅང་ཞི་ས་ཁུལ་དུ་འཚམས་འདྲི་བྱས་ཤིང་། ལས་ཁུངས་དང་ཁེ་ལས། ཚན་རྩལ་ར་བ་བཅས་སུ་སོང་བར་མ་ཟད། ཀྲུང་གོ་དང་ཨ་ཧྥེ་རི་ཁའི་ན་གཞོན་གླེང་སྟེགས་ལ་ཞུགས་པ་དང་མི་གཞུང་རང་བྱུང་མཛེས་ལྗོངས་ལ་ལྟ་སྐོར་བྱས། 

ཀྲུང་གོའི་སུང་ཆིན་ལིན་ཐེབས་རྩ་ཚོགས་པའི་ཀྲུའུ་ཞི་ཝང་ཅཱ་རོས་ཀྱིས་ཚོགས་མགོ་རྩོམ་པའི་མཛད་སྒོའི་སྟེང་ཞུ་ཚིག་ཕུལ་ཏེ། ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་གླེང་སྟེགས་ཀྱི་ནང་དོན་གཙོ་བོ་ཡིན་པའི་ཆ་ནས་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་ན་གཞོན་གྱི་མཉམ་སྤྲོའི་ཚོགས་འདུ་དེ་ཉིས་སྟོང་བཅུ་དྲུག་ལོའི་ཚུན་ལ་སྐབས་བཞི་སྤེལ། ཕྱོགས་སོ་སོས་མཉམ་དུ་འབད་བརྩོན་བྱས་འོག ཀྲུང་གོ་དང་ཨ་ཧྥེ་རི་ཁའི་ན་གཞོན་གྱི་མཉམ་སྤྲོའི་ཚོགས་འདུ་དེ་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་གྲོགས་པོའི་མཛའ་བཤེས་ཇེ་ཟབ་ཏུ་གཏོང་བ་དང་ཕན་ཚུན་བརྗེ་རེས་བྱེད་པའི་སྟེགས་བུ་གལ་ཆེན་ཞིག་དང་ཚོང་རྟགས་གྲགས་ཅན་ཞིག་ཏུ་གྱུར་ཡོད་ཟེར། 

ཀྲུང་གོའི་ཕྱི་འབྲེལ་པུའུ་ཀྲང་གི་ལས་རོགས་པ་ཏིན་ལེ་ཡིས་བསྟན་དོན། ཀྲུང་གོ་དང་ཨ་ཧྥེ་རི་ཁའི་ན་གཞོན་གྱི་མཉམ་སྤྲོའི་ཚོགས་འདུ་ནི་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་གླེང་སྟེགས་ཀྱི་སྒྲོམ་གཞིའི་འོག་ཆེས་གསོན་ཤུགས་ལྡན་པའི་བྱ་འགུལ་གཙོ་བོ་ཞིག་ཡིན། ལོ་རྒྱུས་ཀྱི་མགོ་རྩོམ་ས་གསར་བའི་སྟེང་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་ན་གཞོན་དག་གིས་མུ་མཐུད་དུ་མཐུན་སྒྲིལ་རོགས་ལས་དང་དཀའ་སྤྱད་མདུན་སྐྱོད་བྱས་ཏེ། ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་གླེང་སྟེགས་དེ་སྔར་ལས་འཛུགས་སྐྲུན་གང་ལེགས་བྱེད་པ་དང་། ཀྲུང་གོ་དང་ཨ་ཧྥེ་རི་ཁའི་འབྲེལ་བ་ཇེ་ཟབ་ཏུ་འགྲོ་བར་སྐུལ་འདེད་བཏང་སྟེ། ཀྲུང་གོ་དང་ཨ་ཧྥེ་རི་ཁའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བའི་འཕེལ་རྒྱས་ཐད་སྒུལ་ཤུགས་གསར་བ་འདོན་སྤྲོད་བྱེད་དགོས་ཟེར། 

ཨ་ཧྥེ་རི་ཁའི་ན་གཞོན་འཐུས་མི། མའོ་ལི་ཁྱིག་སི་ནས་ཡོང་བའི་སོ་མཱ་ཡིས་རང་ཉིད་ཀྱིས་ཀྲུང་གོ་ནས་སྨན་བཅོས་བྱ་བ་སྤེལ་བ་དང་པྲོག་གསར་གློ་ཚད་རིམས་ནད་འགོག་བཅོས་བྱེད་པའི་དང་བླངས་ཞབས་ཞུའི་ནང་ཞུགས་པའི་གཏམ་རྒྱུད་མཚམས་སྦྱོར་བྱས། ཁོ་མོས་བསྟན་དོན། རིམས་ནད་བྱུང་རྗེས་ཀྲུང་གོས་ཨ་ཧྥེ་རི་ཁའི་རྒྱལ་ཁབ་མང་བོར་སྨན་བཅོས་མཁོ་དངོས་ཞལ་འདེབས་སུ་ཕུལ་བ་དང་། རིམས་འགོག་ཉམས་མྱོང་མཉམ་སྤྱོད་བྱས་ལ། སྨན་བཅོས་རུ་ཁག་མངག་ནས་རོགས་རམ་བྱས་པར་ཨ་ཧྥེ་རི་ཁའི་རྒྱལ་ཁབ་སོ་སོའི་གཟེངས་བསྟོད་ཆེན་པོ་ཐོབ་ཡོད། པྲོག་གསར་གློ་ཚད་རིམས་ནད་དེ་འཛམ་གླིང་ཡོངས་ལ་མཚོན་ན་ཉམས་སད་ཆེན་པོ་ཞིག་ཡིན་ཞིང་། ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་ཀྱིས་འཛམ་གླིང་ཡོངས་ཀྱི་དཔལ་འབྱོར་འཕེལ་རྒྱས་ཐད་སྒུལ་ཤུགས་སྟེར་ཐུབ་པ་དང་། ཨ་ཧྥེ་རི་ཁ་དང་ཀྲུང་གོའི་མཛའ་མཐུན་ལས་རྒྱལ་ཁབ་བར་གྱི་འགྲོ་འོང་ལ་གསོན་ཤུགས་ཆེན་པོ་རྒྱས་སུ་འཇུག་ཐུབ་པར་ཡིད་ཆེས་ཡོད་ཟེར། ’

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།