ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས་སི་ཁྲོན་ཞིང་ཆེན་གསར་བརྗེའི་རྨས་སྐྱོན་དམག་མིའི་ལུས་གསོ་ཁང་གི་བློ་མཐུན་ཡོངས་ལ་འཕྲིན་ལན་བསྐུར་བ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཚེ་མཁར་རྒྱལ་གྱིས་བསྒྱུར།   སྤེལ་དུས། : 2020-10-22
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གོ་མི་དམངས་དང་བླངས་དམག་གིས་མེ་འགོག་ཁྲའོ་རོགས་དམག་འཐབ་བྱས་ནས་ལོ་ངོ70འཁོར་བའི་སྐབས་འདིར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅིའམ་རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཉེ་ཆར་སི་ཁྲོན་ཞིང་ཆེན་གསར་བརྗེའི་རྨས་སྐྱོན་དམག་མིའི་ལུས་གསོ་ཁང་གི་བློ་མཐུན་ཡོངས་ལ་འཕྲིན་ལན་བསྐུར་ཏེ། ཁོང་ཚོར་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་གནང་བ་རེད། 

ཞི་ཅིན་ཕིང་གིས་འཕྲིན་ལན་ནང་བཤར་རྒྱུར། མེ་འགོག་ཁྲའོ་རོགས་དམག་འཁྲུག་ཁྲོད། ཀྲུང་གོ་མི་དམངས་དང་བླངས་དམག་གིས་རླབས་ཆེ་བའི་རྒྱལ་གཅེས་རིང་ལུགས་ཀྱི་སྙིང་སྟོབས་དང་གསར་བརྗེའི་དཔའ་བོའི་རིང་ལུགས་ཀྱི་སྙིང་སྟོབས་དར་སྤེལ་བཏང་སྟེ། ཞུམ་མེད་མདུན་སྐྱོད་དང་། ཁྲག་འདོན་དམར་འཛིང་བྱས་ནས་ཁྱིམ་སྲུང་རྒྱལ་སྐྱོབ་ཀྱི་ཐད་ལ་བྱས་རྗེས་གལ་ཆེན་བཞག་ཡོད། དང་བླངས་དམག་དང་དཔའ་བོ་དཔེ་བཟང་ཚོའི་བྱས་རྗེས་ཏང་དང་མི་དམངས་ཀྱིས་ནམ་ཡང་བརྗེད་མི་སྲིད་ཅེས་བཤད།

ཞི་ཅིན་ཕིང་གིས་བཤད་རྒྱུར།  ལོ་ངོ60ལྷག་ཙམ་རིང་། ཁྱེད་ཚོས་ཏང་ལ་དགའ་བ་དང་། ཏང་ལ་ཡིད་ཆེས། ཏང་གི་རྗེས་སུ་འབྲང་རྒྱུ་བཅས་མཐའ་འཁྱོངས་བྱས་ནས་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོ་དང་རྒྱལ་སྲུང་སློབ་གསོའི་བྱེད་སྒོར་ཧུར་ཐག་གིས་ཞུགས་ཏེ། མུ་མཐུད་དུ་ཏང་དང་མི་དམངས་ལ་རང་ཉིད་ཀྱི་སྟོབས་ཤུགས་ལེགས་སྐྱེས་སུ་ཕུལ་ནས་ཐོག་མའི་བསམ་འདུན་མི་བརྗེད་པ་དང་འབད་འཐབ་མཚམས་མི་ཆད་པའི་སྙིང་སྟོབས་མངོན་པར་བྱས་ཡོད་ཅེས་བཤད།

ཞི་ཅིན་ཕིང་གིས་བསྟན་དོན།  ཀྲུང་ཧྭ་མི་རིགས་ནི་དཔའ་བོ་མང་པོ་བྱུང་བའི་མི་རིགས་ཤིག་ཡིན་པ་དང་། དུས་རབས་གསར་པ་ནི་དཔའ་བོ་མང་པོ་ཐོན་པའི་དུས་རབས་ཤིག་ཡིན། ཏང་ཡོངས་དང་སྤྱི་ཚོགས་ཡོངས་ཀྱིས་དཔའ་བོར་བརྩི་མཐོང་དང་། དཔའ་བོར་སློབ་སྦྱོང་། དཔའ་བོར་གཅེས་སྐྱོང་བཅས་བྱས་ཏེ། དཔའ་བོའི་སྙིང་སྟོབས་དར་སྤེལ་གཏོང་བ་དང་། ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་མངོན་འགྱུར་ཡོང་བའི་སྟོབས་ཤུགས་ཆེན་པོ་གཅིག་བསྡུས་བྱེད་དགོས་ཞེས་བསྟན།

སི་ཁྲོན་ཞིང་ཆེན་གསར་བརྗེའི་རྨས་སྐྱོན་དམག་མིའི་ལུས་གསོ་ཁང་དེ1951ལོར་བཙུགས་པ་རེད། སྔ་རྗེས་སུ་དབང་པོ་སྐྱོན་ཅན་དམག་མི2800ལྷག་ཙམ་གཅིག་སྡུད་ཐོག་འཚོ་སྐྱོང་བྱས་པའི་ནང་མེ་འགོག་ཁྲའོ་རོགས་དམག་འཁྲུག་ནང་ཞུགས་མཁན2200ཙམ་ཡོད། ལོ་ངོ60ལྷག་གི་རིང་། སྨན་ཁང་དེའི་དབང་བོ་སྐྱོན་ཅན་གྱི་དམག་མིས་རྒྱུན་ལྡན་གྱི་མིའི་བསམ་ཡུལ་ལས་འདས་པའི་དཀའ་ངལ་ཁྱད་དུ་བསད་དེ། རང་ནུས་ཅི་ལྕོགས་ཀྱིས་མེས་རྒྱལ་འཛུགས་སྐྲུན་ལ་བྱས་རྗེས་འཇོག་པ་དང་།  འོས་འགན་གྱིས་སྲོལ་རྒྱུན་སློབ་གསོའི་སྙན་ཞུ་ཁྲི་ལ་ཉེ་བ་སྤེལ་ཏེ། མང་ཚོགས་མི་ཐེངས་ཁྲི300ལྷག་ཙམ་ཕན་ཁེ་བསྐྲུན་ཞིང་། སྤྱི་ཚོགས་ཀྱི་ཚུར་སྣང་ལན་ཆ་ཡག་པོ་བྱུང་ཡོད། 2019ལོར། ལུས་གསོ་ཁང་དེར“རྒྱལ་ཡོངས་ཀྱི་དམག་ཁོངས་ནས་ཕྱིར་ལོག་པའི་དམག་མིའི་ལས་དོན་གྱི་མིག་དཔེའི་ལས་ཁུངས”ཞེས་པའི་གཟེངས་བསྟོད་ཐོབ་པ་རེད། ཉེ་ཆར། ལུས་གསོ་ཁང་དེའི་དང་བླངས་དམག་གི་འཐབ་འཛིང་པ་རྒན་གྲས་ཐུའུ་པོ་དབྱིས་རྨས་སྐྱོན་དམག་མི་ཡོངས་ཀྱི་ཚབ་ཞུས་ནས་ཀྲུའུ་ཞི་ཞི་ཅིན་ཕིང་ལ་འཕྲིན་ཡིག་བསྐུར་ནས་ལས་དོན་དང་འཚོ་བའི་གནས་ཚུལ་སྙན་སེང་ཞུས་ཏེ། ཐོག་མའི་བསམ་འདུན་མི་བརྗེད་པ་དང་། འགན་འཁྲི་བློ་ལ་བརྟན་པོར་ངེས་པ། རང་གཤིས་རྒྱུན་འཁྱོངས་བཅས་བྱས་ཏེ་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེའི་བསྐྱར་དར་མངོན་འགྱུར་ཡོང་ཆེད་ནུས་ཤུགས་ཡོད་རྒུ་འདོན་པའི་ཆོད་སེམས་མཚོན་པར་བྱས་ཡོད། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།