ཀྲུང་གོ་བོད་ཀྱི་དྲ་བ།

ཧྲིན་ཀྲིན་དཔལ་འབྱོར་དམིགས་བསལ་ས་ཁུལ་བཙུགས་ནས་ལོ་ངོ་བཞི་བཅུ་འགོར་བའི་དགའ་སྟོན་ཚོགས་ཆེན་གཟབ་རྒྱས་ངང་སྤེལ།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-10-15
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཧྲིན་ཀྲིན་དཔལ་འབྱོར་དམིགས་བསལ་ས་ཁུལ་བཙུགས་ནས་ལོ་ངོ་བཞི་བཅུ་འགོར་བའི་དགའ་སྟོན་ཚོགས་ཆེན་ཚེས་བཅུ་བཞི་ཉིན་གྱི་སྔ་དྲོར་ཀོང་ཏུང་ཞིང་ཆེན་གྱི་ཧྲིན་ཀྲིན་གྲོང་ཁྱེར་ནས་གཟབ་རྒྱས་ངང་སྤེལ། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཚོགས་ཐོག་ནས་གཏམ་བཤད་གལ་ཆེན་སྤེལ་ཏེ་ནན་གྱིས་བསྟན་དོན། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་མཐོན་པོར་སྒྲེང་བ་དང་། ཕྱོགས་ལྔ་གཞི་གཅིག་གི་སྤྱིའི་བཀོད་སྒྲིག་ལ་གཅིག་གྱུར་བཀོད་འདོམ་དང་སྐུལ་འདེད་གཏོང་བ། ཕྱོགས་ཡོངས་བཞིའི་འཐབ་ཇུས་བཀོད་སྒྲིག་ལ་མཐུན་སྦྱོར་ཡར་སྐུལ་གཏོང་བ། རང་རྒྱལ་གྱི་འཕེལ་རྒྱས་དུས་རིམ་གསར་བའི་ཆེ་ཕྱོགས་ནས་འགོ་བརྩམས་ཏེ། འཕེལ་རྒྱས་འདུ་ཤེས་གསར་བ་དངོས་འབེབ་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་འཕེལ་རྒྱས་རྣམ་པ་གསར་བ་འཛུགས་པར་དམ་དུ་སྦྲེལ་བ། ནམ་ཡང་མདུན་སྐྱོད་ཀྱི་འབད་འཐབ་རྣམ་པ་དང་དཀའ་སྡུག་མང་བོར་འཛེམ་པ་མེད་པའི་སྙིང་སྟོབས་ཀྱིས་བཅོས་སྒྱུར་མཚམས་མི་འཇོག་པ་དང་སྒོ་འབྱེད་ཀྱིས་གཞན་ལ་གོ་སྐབས་མི་སྟེར་བར། འགོ་རྩོམ་ས་སྔར་ལས་མཐོན་པོ་ནས་བཅོས་སྒྱུར་སྒོ་འབྱེད་ལ་སྐུལ་འདེད་གཏོང་བ་དང་། དཔལ་འབྱོར་དམིགས་བསལ་ས་ཁུལ་གྱི་བྱ་བའི་རྣམ་པ་གསར་བ་གསར་སྐྲུན་བྱེད་པར་སྐུལ་འདེད་བཏང་སྟེ། ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་རྒྱལ་ཁབ་འཛུགས་སྐྲུན་བྱེད་པ་དང་། ལོ་བརྒྱ་གཉིས་ཀྱི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱེད་པའི་ཐད་བྱས་རྗེས་སྔར་ལས་ཆེན་པོ་འཇོག་དགོས་ཟེར། 

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཧན་ཀྲིན་ཚོགས་ཆེན་ལ་ཞུགས། 

སྔ་དྲོའི་དུས་ཚོད་བཅུ་དང་སྐར་མ་སུམ་ཅུའི་སྟེང་ཚོགས་ཆེན་འགོ་བརྩམས་པ་དང་། ཚང་མ་ཡར་ལངས་ཏེ་སྐད་གསེང་མཐོན་པོས་རྒྱལ་གླུ་བླངས། 

སྤྲོ་སེམས་འཁོལ་བའི་ཐལ་མོ་རྡེབ་སྒྲའི་ཁྲོད་ནས་ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་། ཁོང་གིས་ནན་གྱིས་བསྟན་དོན། དཔལ་འབྱོར་དམིགས་བསལ་ས་ཁུལ་དར་རྒྱས་སུ་གཏོང་བ་ནི་ཏང་དང་རྒྱལ་ཁབ་ཀྱིས་བཅོས་སྒྱུར་སྒོ་འབྱེད་དང་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་རླབས་ཆེན་བྱེད་ཐབས་ཤིག་ཡིན། དུས་ཡུན་རིང་བོར། ཏང་ཀྲུང་དབྱང་གི་འགོ་ཁྲིད་བརྟན་པོ་དང་རྒྱལ་ཡོངས་ཀྱི་རྒྱབ་སྐྱོར་ཆེན་པོའི་འོག དཔལ་འབྱོར་དམིགས་བསལ་ས་ཁུལ་སོ་སོས་བསམ་བློ་བཅིངས་འགྲོལ་དང་། བཅོས་སྒྱུར་གསར་གཏོད། འགན་འཁྲི་ཁུར་ཕོད་པ། དཀའ་སྤྱད་འབད་འཐབ་བཅས་བྱས་ཏེ། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་འཕེལ་རིམ་ཁྲོད་སྤོབས་པས་མདུན་དུ་བསྐྱོད་པ་དང་གསར་འབྱེད་བརྩོན་ལེན་བྱེད་པའི་ལེའུ་གསར་བ་བྲིས་པ་དང་། རྒྱལ་ཡོངས་ཀྱི་བཅོས་སྒྱུར་སྒོ་འབྱེད་དང་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་བྱེད་པའི་ཐད་བྱས་རྗེས་ཆེན་པོ་བཞག་ཡོད་ཟེར། 

ཞི་ཅིན་ཕིང་གིས་གསུངས་དོན། བདག་གིས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་བཅས་ཀྱི་ཚབ་བྱས་ཏེ། དཔལ་འབྱོར་དམིགས་བསལ་ས་ཁུལ་གྱི་རྒྱ་ཆེའི་འཛུགས་སྐྲུན་མཁན་དང་། དཔལ་འབྱོར་དམིགས་བསལ་ས་ཁུལ་གྱི་འཛུགས་སྐྲུན་ཐད་བྱས་རྗེས་བཞག་པའི་བློ་མཐུན་དག་ལ་ལྷག་བསམ་རྣམ་དག་གིས་འཚམས་འདྲི་ཞུས་པ་དང་། སྐུ་མགྲོན་རྣམ་པ་དང་དཔལ་འབྱོར་དམིགས་བསལ་ས་ཁུལ་གྱི་འཛུགས་སྐྲུན་ལ་སེམས་ཁུར་དང་རྒྱབ་སྐྱོར་བྱེད་པའི་རྒྱལ་ཁབ་ཕྱི་ནང་གི་མི་སྣར་སྙིང་ཐག་པ་ནས་བཀའ་དྲིན་ཞུས་པ་ཡིན་ཟེར། 

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཧྲིན་ཀྲིན་སོགས་དཔལ་འབྱོར་དམིགས་བསལ་ས་ཁུལ་གྱིས་ལོ་ངོ་བཞི་བཅུའི་བཅོས་སྒྱུར་སྒོ་འབྱེད་ཀྱི་ལག་ལེན་ཁྲོད་ཉམས་མྱོང་བཟང་བོ་བསགས་ཡོད་པ་དང་། ང་ཚོས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དཔལ་འབྱོར་དམིགས་བསལ་ས་ཁུལ་འཛུགས་སྐྲུན་བྱེད་པའི་ཆོས་ཉིད་ཀྱི་ངོས་ཟིན་ཇེ་ཟབ་ཏུ་སོང་ཡོད། གཅིག་ནས་ངེས་པར་དུ་ཏང་གིས་དཔལ་འབྱོར་དམིགས་བསལ་ས་ཁུལ་གྱི་འཛུགས་སྐྲུན་ལ་འགོ་ཁྲིད་བྱེད་པ་རྒྱུན་འཁྱོངས་བྱས་ཏེ་ཐོག་མཐའ་བར་གསུམ་དུ་དཔལ་འབྱོར་དམིགས་བསལ་ས་ཁུལ་འཛུགས་སྐྲུན་བྱེད་པའི་ཁ་ཕྱོགས་ཡང་དག་སྲུང་འཛིན་བྱེད་དགོས། གཉིས་ནས་ངེས་པར་དུ་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལམ་ལུགས་རྒྱུན་འཁྱོངས་དང་འཐུས་ཚང་དུ་བཏང་ནས། བཅོས་སྒྱུར་ལག་ལེན་ལ་བརྟེན་ནས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལམ་ལུགས་གཏན་ཆགས་སུ་འགྲོ་བར་སྐུལ་འདེད་གཏོང་དགོས། གསུམ་ནས་ངེས་པར་དུ་འཕེལ་རྒྱས་ནི་བདེན་ལུགས་ངོ་མ་ཡིན་པ་རྒྱུན་འཁྱོངས་དང་། མི་གཞན་པའི་སྔོན་ལ་ཚོད་ལྟ་བྱེད་ཕོད་པ་རྒྱུན་འཁྱོངས་བྱས་ཏེ། བསམ་བློའི་འགྱུར་ལྡོག་གིས་བཅོས་སྒྱུར་བྱ་བར་སྣེ་ཁྲིད་བྱེད་དགོས། བཞི་ནས་ངེས་པར་དུ་ཕྱོགས་ཡོངས་ཀྱི་ཕྱི་ཕྱོགས་སྒོ་འབྱེད་རྒྱུན་འཁྱོངས་དང་། ནང་འདྲེན་གྱི་འགུག་ཤུགས་དང་ཕྱིར་གཏོང་གི་འགྲན་རྩོད་ནུས་པ་ཇེ་ཆེར་གཏོང་དགོས། ལྔ་ནས་ངེས་པར་དུ་གསར་གཏོད་ནི་སྒུལ་ཤུགས་དང་པོ་ཡིན་པ་རྒྱུན་འཁྱོངས་བྱས་ནས། འཛམ་གླིང་ཡོངས་ཀྱི་ཚན་རྩལ་བཅོས་སྒྱུར་དང་ཐོན་ལས་བཅོས་སྒྱུར་ཁྲོད་རང་བདག་དབང་ཆ་བརྩོན་ལེན་བྱེད་དགོས། དྲུག་ནས་ངེས་པར་དུ་མི་དམངས་གཙོར་བྱེད་པའི་འཕེལ་རྒྱས་བསམ་བློ་རྒྱུན་འཁྱོངས་བྱས་ཏེ། བཅོས་སྒྱུར་འཕེལ་རྒྱས་ཀྱི་གྲུབ་འབྲས་ཀྱིས་སྔར་ལས་འདྲ་མཉམ་སྒོས་མི་དམངས་མང་ཚོགས་ལ་ཁེ་ཕན་ཐོབ་པར་བྱེད་དགོས། བདུན་ནས་ངེས་པར་དུ་ཚན་རིག་ལྟར་ཁྲིམས་འཛུགས་དང་ཁྲིམས་འཛིན་ལག་བསྟར་ནན་མོ། འདྲ་མཉམ་ཁྲིམས་འཛིན། དམངས་ཡོངས་ཀྱི་ཁྲིམས་སྲུང་བཅས་རྒྱུན་འཁྱོངས་བྱས་ནས། ཁྲིམས་སྐྱོང་དེ་དཔལ་འབྱོར་དམིགས་བསལ་ས་ཁུལ་འཕེལ་རྒྱས་སུ་འགྲོ་བའི་འགན་སྲུང་གལ་ཆེན་དུ་འགྱུར་བར་བྱེད་དགོས། བརྒྱད་ནས་ངེས་པར་དུ་རི་སྔོ་ཆུ་དྭངས་གསེར་དངུལ་རི་ལས་ལྷག་པའི་འདུ་ཤེས་ལག་ལེན་བྱས་ཏེ། དཔལ་འབྱོར་སྤྱི་ཚོགས་དང་སྐྱེ་ཁམས་ཁོར་ཡུག་གི་ཕྱོགས་ཡོངས་མཐུན་སྦྱོར་དང་རྒྱུན་མཐུད་འཕེལ་རྒྱས་མངོན་འགྱུར་བྱེད་དགོས། དགུ་ནས་ངེས་པར་དུ་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཀྱི་གཞི་རྩའི་བྱེད་ཐབས་ཡང་དག་པར་ལག་ལེན་མཐར་ཕྱིན་བྱས་ནས། ནང་ལོགས་དང་ཞང་ཀང་། ཨོ་མིན་བཅས་ཀྱི་མཉམ་འདྲེས་འཕེལ་རྒྱས་དང་ཕན་ཚུན་རོགས་རེས་ལ་སྐུལ་འདེད་གཏོང་དགོས། བཅུ་ནས་ངེས་པར་དུ་རྒྱལ་ཡོངས་ཀྱི་ཁྱོན་ཡོངས་ཇུས་གཞིའི་ཁྲོད་དཔལ་འབྱོར་དམིགས་བསལ་ས་ཁུལ་གྱི་སྐུལ་ཁྲིད་ནུས་པ་འདོན་སྤེལ་བྱས་ཏེ་རྒྱལ་ཡོངས་ཀྱི་འཕེལ་རྒྱས་ཐད་བྱས་རྗེས་འཇོག་དགོས། 

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ནི་དངོས་པོའི་དཔལ་ཡོན་དང་བསམ་པའི་དཔལ་ཡོན་ཕྱོགས་ཡོངས་ནས་འཕེལ་རྒྱས་སུ་འགྲོ་བའི་སྤྱི་ཚོགས་རིང་ལུགས་ཡིན་པ་དང་། དཔལ་འབྱོར་དམིགས་བསལ་ས་ཁུལ་གྱིས་ཕྱོགས་གཉིས་དམ་འཛིན་ནན་མོ་བྱེད་པའི་དངོས་པོའི་དཔལ་ཡོན་འཛུགས་སྐྲུན་དང་བསམ་པའི་དཔལ་ཡོན་འཛུགས་སྐྲུན་ཐད་ནས་ཕུལ་དུ་བྱུང་བའི་གྲུབ་འབྲས་བརྩོན་ལེན་བྱེད་དགོས། ཕུགས་བསམ་འདུ་ཤེས་སློབ་གསོར་ཤུགས་སྣོན་པ་དང་། སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་རིན་ཐང་ལྟ་བ་གསོ་སྤེལ་དང་ལག་ལེན་མཐར་ཕྱིན་བྱས་ཏེ། རྒྱལ་གཅེས་རིང་ལུགས་སྲོག་ཤིང་ཡིན་པའི་མི་རིགས་སྙིང་སྟོབས་དང་བཅོས་སྒྱུར་གསར་གཏོད་སྙིང་བོར་བྱས་པའི་དུས་རབས་སྙིང་སྟོབས་དར་སྤེལ་བྱས་ཤིང་། གཞན་པའི་མདུན་དུ་བསྐྱོད་པ་དང་དཀའ་སྤྱད་འབད་བརྩོན་བྱེད་པའི་དམིགས་བསལ་ས་ཁུལ་གྱི་སྙིང་སྟོབས་དར་སྤེལ་བྱས་ནས། རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ལ་སྣེ་ཁྲིད་བྱེད་པ་དང་། ཁྱད་པར་དུ་ན་གཞོན་དག་གི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བགྲོད་ལམ་ཡིད་ཆེས་དང་གཞུང་ལུགས་ཡིད་ཆེས། ལམ་ལུགས་ཡིད་ཆེས། རིག་གནས་ཡིད་ཆེས་བཅས་ཇེ་བརྟན་དུ་གཏོང་དགོས། མང་ཚོགས་རང་བཞིན་གྱི་བསམ་པའི་དཔལ་ཡོན་གྱི་གསར་གཏོད་བྱ་འགུལ་གཏིང་ཟབ་ཏུ་སྤེལ་ནས། མི་དམངས་ཀྱི་དཔལ་ཡོན་གྱི་བྱང་ཚད་དང་སྤྱི་ཚོགས་དཔལ་ཡོན་གྱི་ཚད་ཇེ་མཐོར་གཏོང་དགོས། 

ཚོགས་ཐོག་ནས་ཧྲིན་ཀྲིན་གྲོང་ཁྱེར་ཏང་ཨུའི་ཧྲུའུ་ཅི་ཝང་ཝེ་ཀྲུང་དང་། ཡན་ཞང་མཐོ་གསར་ཚན་རྩལ་མ་རྐང་ཚོད་འཛིན་སྡེ་ཚོགས་ཚད་ཡོད་ཀུང་ཟིའི་ཏུང་ཧྲི་ཅུའུ་ཡི་ཀྲུའུ་ཞི་ཁྲིན་ཀྲི་ལེ། ཀྲུང་གོའི་འཛུགས་སྐྲུན་ཚན་རིག་བཟོ་སྐྲུན་སྡེ་ཚོགས་ཚད་ཡོད་ཀུང་ཟིའི་ཧྭ་ནན་ས་ཁུལ་གྱི་སྤྱིའི་བཟོ་སྐྲུན་པ་ལུའུ་ཅན་ཞིན་བཅས་ཀྱིས་སྔ་གཞུག་ཏུ་གཏམ་བཤད་སྤེལ། 

ལིས་ཞི་ཡིས་ཚོགས་ཆེན་ལ་མགོ་འཛིན་བྱས། ཏེན་ཞོས་ཞང་དང་ལིག་ཧི། ཁྲིན་ཞེ། ཧོང་ཁོན་མེན། ཝང་ཏུང་མེན། ཏུང་ཅན་ཧྭ། ཧིག་ཧི་ཧྭ། ལིང་ཀྲིན་དབྱིན། ཞཱ་པའོ་ལུང་། ཧི་ལི་ཧྥུན། མེའོ་ཧྭ་བཅས་ཚོགས་ཆེན་ལ་ཞུགས། 

ཞང་ཀང་དམིགས་བསལ་སྲིད་འཛིན་ས་ཁུལ་གྱི་སྲིད་འཛིན་དཔོན་པོ་ལིན་ཀྲིན་ཡའོ་ཨིག་དང་། ཨོ་མིན་དམིགས་བསལ་སྲིད་འཛིན་ས་ཁུལ་གྱི་སྲིད་འཛིན་དཔོན་པོ་ཧི་དབྱེ་ཁྲིན། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་འབྲེལ་ཡོད་སྡེ་ཁག་གི་འགན་ཁུར་བློ་མཐུན། ཀོང་ཏུང་ཞིང་ཆེན་གྱི་འབྲེལ་ཡོད་བློ་མཐུན། ཧྲིན་ཀྲིན་དང་ཀྲུའུ་ཧེ། ཧྲན་ཐིག ཞཱ་མིན། ཧེ་ནན་བཅས་དཔལ་འབྱོར་དམིགས་བསལ་ས་ཁུལ་དང་། ཕུའུ་ཏུང་དང་པེན་ཧེ། ཞོང་ཨན་བཅས་གསར་སྤེལ་ས་ཁུལ་གྱི་འགན་ཁུར་བློ་མཐུན་གཙོ་བོ། ཧྲིན་ཀྲིན་གྱི་ཁ་གཏད་རོགས་སྐྱོར་ས་ཁུལ་གྱི་འགན་ཁུར་བློ་མཐུན་གཙོ་བོ། ཞང་ཀང་དང་ཨོ་མིན། ཐེ་ཝན་བཅས་ཀྱི་མི་སྣའི་འཐུས་མི། ཕྱི་རྒྱལ་གྱི་སྐུ་མགྲོན་འཐུས་མི། ཧྲིན་ཀྲིན་གྱི་ལས་རིགས་སོ་སོའི་འཐུས་མི་སོགས་ཚོགས་ཆེན་ལ་ཞུགས། 

ཉིན་དེའི་ཕྱི་དྲོར། ཞི་ཅིན་ཕིང་ལེན་ཧྭ་རི་བོའི་སྤྱི་གླིང་དུ་ཕེབས་ཏེ་བློ་མཐུན་ཏུན་ཞའོ་ཕེན་གྱི་ཟངས་སྐུར་མེ་ཏོག་གི་འཕྲེང་བ་ཕུལ་བ་དང་གུས་ཕྱག་ལན་གསུམ་ཕུལ་ནས། བློ་མཐུན་ཏུན་ཞའོ་ཕེན་ལ་བླ་མེད་ཀྱི་གུས་འདུད་ཞུས་པ་དང་སེམས་གཏིང་ནས་རྗེས་དྲན་ཞུས། 

ཞི་ཅིན་ཕིང་སོགས་ཀྱིས་ད་རུང་སྔོན་བསྐྱོད་ཚོད་ལྟའི་དཔེ་སྟོན་ཏེ་ཧྲིན་ཀྲིན་དཔལ་འབྱོར་དམིགས་བསལ་ས་ཁུལ་བཙུགས་ནས་ལོ་ངོ་བཞི་བཅུ་ལོན་པར་དགའ་སྟོན་རྟེན་འབྲེལ་ཞུ་བའི་འགྲེམ་སྟོན་ལ་གཟིགས་ཞིབ་བྱས་པ་དང་། དགའ་སྟོན་རྟེན་འབྲེལ་ཚོགས་ཆེན་ལ་ཞུགས་པའི་འཐུས་མི་སྐོར་ཞིག་ལ་ཐུག་འཕྲད་མཛད་པར་མ་ཟད་ཚང་མ་དང་ལྷན་དུ་དྲན་རྟེན་འདྲ་པར་བླངས། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།