ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་དང་ཧ་ལིས་མ་རྣམ་གཉིས་ཀྱིས་ཕན་ཚུན་ལ་གློག་འཕྲིན་བཏང་སྟེ་ཀྲུང་གོ་དང་སིང་ག་ཕོར་བར་འབྲེལ་བ་བཙུགས་ནས་ལོ་སུམ་ཅུ་ལོན་པར་རྟེན་འབྲེལ་ཞུས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-10-04
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར་ན། ཟླ་བཅུ་བའི་ཚེས་གསུམ་ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་དང་སིང་ག་ཕོར་རྒྱལ་ཁབ་ཀྱི་ཙུང་ཐུང་ཧ་ལིས་མ་རྣམ་གཉིས་ཀྱིས་ཕན་ཚུན་ལ་གློག་འཕྲིན་བཏང་སྟེ་ཀྲུང་གོ་དང་སིང་ག་ཕོར་བར་འབྲེལ་བ་བཙུགས་ནས་ལོ་སུམ་ཅུ་ལོན་པར་རྟེན་འབྲེལ་ཞུས།

ཞི་ཅིན་ཕིང་གིས་རྟེན་འབྲེལ་ཞུ་བའི་གློག་འཕྲིན་ནང་བསྟན་དོན། འདས་པའི་ལོ་སུམ་ཅུའི་རིང་ལ། རྒྱལ་སྤྱིའི་གནས་བབ་ལ་འགྱུར་ལྡོག་ག་འདྲ་བྱུང་རུང་ཀྲུང་གོ་དང་སིང་ག་ཕོར་རྒྱལ་ཁབ་གཉིས་ཀྱིས་ཕན་ཚུན་ལ་བཟོད་སྒོམ་དང་རྒྱབ་སྐྱོར་བྱས་པ་དང་། བབ་བསྟུན་མདུན་སྐྱོད་སྒོས་ཕྱོགས་གཉིས་ཀྱི་འབྲེལ་བ་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་བཏང་། རྒྱལ་ཁབ་གཉིས་བར་གྱི་མཉམ་ལས་དེ་ཕྱོགས་གཉིས་ཀྱི་ཁྱབ་ཁོངས་ལས་བརྒལ་ཞིང་ས་གནས་དང་རྒྱལ་སྤྱིའི་རིམ་པ་ཁག་ཏུ་དཔེ་སྟོན་གྱི་ནུས་པ་བཏོན་ཡོད།

ཞི་ཅིན་ཕིང་གིས་བསྟན་དོན།  དེང་སྐབས་འཛམ་གླིང་གིས་ལོ་བརྒྱར་བྱུང་མ་མྱོང་བའི་འགྱུར་ལྡོག་ཆེན་པོ་བརྒྱུད་བཞིན་ཡོད་པ་དང་། པྲོག་གསར་གློ་ཚད་རིམས་ནད་དེ་སྔར་བཞིན་འཛམ་གླིང་ཡོངས་སུ་འགོས་ཁྱབ་ཏུ་འགྲོ་བཞིན་པས། རྒྱལ་ཁབ་སོ་སོའི་མདུན་དུ་རིམས་ནད་འགོག་བཅོས་དང་དཔལ་འབྱོར་སླར་གསོའི་འགྲན་རྩོད་གཉིས་དང་འཕྲད་ཡོད། བདག་གིས་ཀྲུང་གོ་དང་སིང་ག་ཕོར་བར་གྱི་འབྲེལ་བ་འཕེལ་རྒྱས་སུ་འགྲོ་བར་ཧ་ཅང་མཐོང་ཆེན་བྱེད་ཀྱིན་ཡོད། ཀྲུང་གོ་ཕྱོགས་གཉིས་ཀྱིས་སིང་ག་ཕོར་ཕྱོགས་དང་མཉམ་དུ་འབད་བརྩོན་བྱས་ཏེ་མུ་མཐུད་དུ་སྤུས་ཚད་མཐོ་བའི་སྒོ་ནས་རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་བྱེད་པ་གཙོ་གནད་དུ་བཟུང་ནས། ཁྱབ་ཁོངས་སོ་སོའི་དངོས་གཉེར་མཉམ་ལས་རྒྱ་བསྐྱེད་པ་དང་། ཕྱོགས་མང་རིང་ལུགས་དང་རང་མོས་ཉོ་ཚོང་མཉམ་དུ་སྲུང་སྐྱོབ་བྱེད་པ། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་སྔར་ལས་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་བཏང་ནས། ས་གནས་དང་འཛམ་གླིང་བརྟན་འཇགས་དང་དར་རྒྱས་སུ་འགྲོ་བར་བྱས་རྗེས་ཆེན་པོ་འཇོག་འདོད་ཡོད་ཟེར།

ཧ་ལིས་མ་ཡིས་རྟེན་འབྲེལ་ཞུ་བའི་གློག་འཕྲིན་ནང་བཤད་དོན། སིང་ག་ཕོར་དང་ཀྲུང་གོའི་འབྲེལ་བ་ལོ་ངོ་སུམ་ཅུའི་ནང་འཕེལ་རྒྱས་ཆེན་པོ་བྱུང་ཞིང་། དངོས་གཉེར་མཉམ་ལས་རྒྱུན་མཐུད་སྒོས་རྒྱ་སྐྱེད་པ་དང་རིག་གཞུང་མཉམ་ལས་ཉིན་རེར་ཇེ་མང་དུ་སོང་། པྲོག་གསར་གློ་ཚད་རིམས་ནད་ཀྱི་མདུན་དུ་རྒྱལ་ཁབ་གཉིས་ཀྱིས་ཕན་ཚུན་ལ་རོགས་སྐྱོར་བྱས་པ་དང་དཔལ་འབྱོར་སླར་གསོ་བྱེད་པར་མཉམ་དུ་སྐུལ་འདེད་བཏང་བ་དང་ཉོ་ཚོང་འཁོར་རྒྱུག་དང་མཁོ་འདོན་ཕྲེང་འབྲེལ་བརྟན་འཇགས་སྲུང་སྐྱོབ་བྱས་པར་མ་ཟད། མཉམ་ལས་ཀྱི་ཁྱབ་ཁོངས་གསར་བ་གང་མང་གསར་སྐྲུན་བྱས། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་དེ་རྗེས་མའི་ལོ་སུམ་ཅུའི་ནང་སྔར་ལས་འཕེལ་རྒྱས་སུ་འགྲོ་བར་བདག་ལ་ཡིད་ཆེས་བརྟན་པོ་ཡོད་ཟེར།

ཉིན་དེར་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་དང་སིང་ག་ཕོར་རྒྱལ་ཁབ་ཀྱི་ཙུང་ལི་ལིས་ཞན་ལུང་རྣམ་གཉིས་ཀྱིས་ཕན་ཚུན་ལ་རྟེན་འབྲེལ་ཞུ་བའི་གློག་འཕྲིན་བཏང་། ལིས་ཁི་ཆང་གིས་རྟེན་འབྲེལ་ཞུ་བའི་གློག་འཕྲིན་ནང་བསྟན་དོན། ཀྲུང་གོ་ཕྱོགས་ཀྱིས་སིང་ག་ཕོར་ཕྱོགས་དང་མཉམ་དུ་འབད་བརྩོན་བྱས་ཏེ། རྒྱལ་ཁབ་གཉིས་བར་འབྲེལ་བ་བཙུགས་ནས་ལོ་སུམ་ཅུ་ལོན་པ་གོ་སྐབས་སུ་བཟུང་ནས། བབ་བསྟུན་མདུན་སྐྱོད་དང་གསར་གཏོད་གསར་སྐྲུན་རྒྱུན་འཁྱོངས་བྱེད་པ་དང་། འཕེལ་རྒྱས་འཐབ་ཇུས་འབྲེལ་མཐུད་གཏིང་ཟབ་ཏུ་སྤེལ་ཞིང་རྒྱལ་ཁབ་གཉིས་དང་ས་གནས་རང་འགྲན་རྩོད་སྣ་ཚོགས་ལས་རྣམ་པར་རྒྱལ་བར་རོགས་འདེགས་བྱས་ནས། སྔར་ལས་མཛེས་པའི་འཕེལ་རྒྱས་ཀྱི་མདུན་ལྗོངས་ལ་བསུ་མ་བྱེད་དགོས་ཟེར།

ལིས་ཞན་ལུང་གིས་རྟེན་འབྲེལ་ཞུ་བའི་གློག་འཕྲིན་ནང་བཤད་དོན། སིང་ག་ཕོར་དང་ཀྲུང་གོ་རྒྱལ་ཁབ་གཉིས་ཀྱིས་ལོ་མང་པོའི་རིང་ལ་ངར་ཤུགས་ལྡན་ཞིང་གཉིས་ཕན་གྱི་འབྲེལ་བ་གསར་སྐྲུན་བྱས་པ་དང་། ས་གནས་དང་རྒྱལ་སྤྱིའི་སྟེང་དུ་མཉམ་ལས་བཟང་བོ་སྲུང་འཛིན་བྱས། སིང་ག་ཕོར་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་དེང་སྐབས་འཛམ་གླིང་གི་རྒྱལ་སྤྱིའི་སྣ་མང་སྤྱི་ཁོག་སྲ་བརྟན་དུ་བཏང་ནས། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་སྔར་ལས་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་འདོད་ཡོད་ཟེར། །

རྩོམ་སྒྲིག་པ། : བདེ་ལེགས་མཚོ།