ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་དབྱང་གི་ཞིན་ཅང་བྱ་བའི་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་གསུམ་པ་པེ་ཅིན་དུ་ཚོགས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-09-27
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1126544667_16011268391011n.jpg

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ་དགུ་བའི་ཚེས་ཉེར་ལྔ་དང་ཚེས་ཉེར་དྲུག་ཉིན་གཉིས་ལ། ཀྲུང་དབྱང་གི་ཞིན་ཅང་བྱ་བའི་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་གསུམ་པ་པེ་ཅིན་ནས་ཚོགས་ཤིང་། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོནཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་ཚོགས་འདུར་ཞུགས་པར་མ་ཟད་གསུང་བཤད་གལ་ཆེན་གནང་། ཞི་ཅིན་ཕིང་གིས་བསྟན་དོན། དེང་སྐབས་དང་ཕྱིན་ཆད་ཀྱི་དུས་སྐབས་ཤིག་ལ། ཞིན་ཅང་གི་བྱ་བ་བཟང་བོར་བསྒྲུབ་སྐབས། དུས་རབས་གསར་པའི་ཏང་གི་ཞིན་ཅང་སྐྱོང་བའི་ཇུས་གཞི་ཆེན་མོ་ཆ་ཚང་ཞིང་གནད་ལ་འཁེལ་བའི་སྒོ་ནས་ལག་བསྟར་བྱས་ཏེ། ཞིན་ཅང་བྱ་བའི་སྤྱིའི་དམིགས་འབེན་དམ་པོར་འཛིན་དགོས། ཁྲིམས་ལྟར་ཞིན་ཅང་སྐྱོང་བ་དང་། མཐུན་སྒྲིལ་སྒོས་ཞིན་ཅང་བརྟན་ལྷིང་ཡོང་བར་བྱེད་པ། རིག་གནས་ལ་བརྟེན་ནས་ཞིན་ཅང་སྐྱོང་བ། དམངས་ཕྱུག་སྒོས་ཞིན་ཅང་དར་རྒྱས་གཏོང་བ། ཡུན་རིང་ལ་ཞིན་ཅང་འཛུགས་སྐྲུན་བཅས་བྱེད་དགོས། བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་རྒྱུ་འགན་སྲུང་བྱེད་པ་དང་། ཡུན་རིང་ཇུས་གཞི་གང་མང་འདོན་པ་དང་རྩ་བ་བརྟན་ཚུགས་ཀྱི་བྱེད་ཐབས་གང་མང་ལག་བསྟར་བྱས་ཏེ།  ཧུར་ཐག་སྒོས་མཐུན་སྒྲིལ་འཆམ་མཐུན་དང་། དར་རྒྱས་འབྱོར་ཕྱུག  དཔལ་ཡོན་ཡར་ཐོན། བདེ་སྡོད་ལས་བརྩོན།  སྐྱེ་ཁམས་ལེགས་བཅོས་བཅས་ཀྱི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཞིན་ཅང་འཛུགས་སྐྲུན་བྱེད་དགོས་ཟེར།

ལིས་ཁི་ཆང་གིས་གྲོས་ཚོགས་ལ་འགོ་འཛིན་མཛད་པ་དང་། ལིས་ཀྲན་ཧྲུའུ་དང་ཝང་ཧུའུ་ཉིང་། ཀྲའོ་ལི་ཅི། ཧན་ཀྲིན་བཅས་གྲོས་ཚོགས་ལ་ཞུགས། ཝང་དབྱང་གིས་སྤྱི་བསྡོམས་གསུང་བཤད་གནང་།

ཞིས་ཅིན་ཕིང་གིས་གསུང་བཤད་གནང་སྐབས་བསྟན་དོན། ཀྲུང་དབྱང་གི་ཞིན་ཅང་གི་བྱ་བའི་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་གཉིས་པ་ཚོགས་པའི་ཚུན་ལ།  ཕྱོགས་གང་ཅིའི་ཐད་ནས་དཀའ་སྤྱད་འབད་བརྩོན་བྱས་པ་བརྒྱུད། ཞིན་ཅང་གི་བྱ་བའི་ཐད་ནས་གྲུབ་འབྲས་གལ་ཆེན་ཐོབ་ཡོད། ཞིན་ཅང་གི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་དམངས་ཚིས་ལེགས་བཅོས་ཐད་ནས་སྔར་བྱུང་མ་མྱོང་བའི་གྲུབ་འབྲས་ཐོབ་པ་དང་། རིགས་སོ་སོའི་མང་ཚོགས་ཀྱི་ཐོབ་ཚོར་དང་། བདེ་སྐྱིད་ཚོར་སྣང་། བདེ་འཇགས་ཚོར་སྣང་རྒྱུན་ཆད་མེད་པར་ཇེ་དྲག་ཏུ་གྱུར་ཡོད། གཅིག དཔལ་འབྱོར་འཕེལ་རྒྱས་རྒྱུན་མཐུད་སྒོས་བཟང་ཕྱོགས་སུ་འཕེལ་བཞིན་ཡོད། ཉིས་སྟོང་བཅུ་བཞི་ལོ་ནས་ཉིས་སྟོང་བཅུ་དགུ་ལོའི་བར། ཞིན་ཅང་ས་ཁུལ་གྱི་ཐོན་སྐྱེད་ཀྱི་སྤྱིའི་ཐོན་རིན་སྒོར་ཁྲག་ཁྲིག་དགུ་དང་ཐེར་ཆེན་གཅིག་ཐེར་འབུམ་དགུ་དང་དུང་ཕྱུར་ལྔ་ལྷག་ནས་སྒོར་ཁྲག་ཁྲིག་ཆེན་མོ་གཅིག་དང་ཁྲག་ཁྲིག་གསུམ་ཐེར་ཆེན་ལྔ་དང་ཐེར་འབུམ་དགུ་དུང་ཕྱུར་བདུན་ལྷག་ལ་འཕར་ནས་ལོ་རེར་ཆ་སྙོམས་སྒོས་བརྒྱ་ཆའི་བདུན་དང་གྲངས་ཆུང་གཉིས་འཕར་ཡོད། སྤྱིར་བཏང་གི་སྤྱི་ཐུན་སྔོན་རྩིས་ཡོང་སྒོ་སྒོར་ཁྲག་ཁྲིག་གཅིག་དང་ཐེར་ཆེན་གཉིས་ཐེར་འབུམ་བརྒྱད་དང་དུང་ཕྱུར་གཉིས་ལྷག་ནས་སྒོར་ཁྲག་ཁྲིག་གཅིག་དང་ཐེར་ཆེན་ལྔ་ཐེར་འབུམ་བདུན་དང་དུང་ཕྱུར་བདུན་ལྷག་ལ་འཕར་ཡོད། ལོ་རེར་ཆ་སྙོམས་སྒོས་བརྒྱ་ཆ་ལྔ་དང་གྲངས་ཆུང་བདུན་འཕར། རྨང་གཞིའི་སྒྲིག་ཆས་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་ཕྱིན་པ་དང་། ས་ཁུལ་དང་གྲོང་ཁྱེར་ཚང་མའི་མྱུར་བགྲོད་གཞུང་ལམ་དུས་རབས་ཀྱི་རྗེས་སུ་ཆོད་ཡོད། གཉིས། མི་དམངས་ཀྱི་འཚོ་བ་ལེགས་བཅོས་མངོན་གསལ་བྱུང་ཡོད། ཉིས་སྟོང་བཅུ་བཞི་ལོ་ནས་ཉིས་སྟོང་བཅུ་དགུ་ལོའི་བར། ཞིན་ཅང་སྡོད་དམངས་ཀྱི་མི་རེའི་ཆ་སྙོམས་ཀྱི་འགྲོ་སོང་ཡོང་འབབ་ལོ་རེར་ཆ་སྙོམས་སྒོས་བརྒྱ་ཆའི་དགུ་དང་གྲངས་ཆུང་གཅིག་འཕར་བ་དང་།  ཞིང་སྡེའི་བདེ་སྡོད་བཟོ་སྐྲུན་ས་ཡ་གཅིག་དང་འབུམ་དྲུག་ཁྲི་དགུ་ལྷག་དང་།  མཁར་གྲོང་གི་འགན་སྲུང་རང་བཞིན་གྱི་བདེ་སྡོད་བཟོ་སྐྲུན་ས་ཡ་གཅིག་དང་འབུམ་ལྔ་ཁྲི་དྲུག་ལྷག་འཛུགས་སྐྲུན་བྱས་ཤིང་། མང་ཚོགས་བྱེ་བ་གཅིག་ལྷག་སྡོད་ཁང་གསར་པར་གནས་སྤར།  གྲོང་ཁྱེར་དང་གྲོང་གསེབ་ཀྱི་གཞི་རྩའི་སྤྱི་ཐུན་ཞབས་ཞུའི་ཆུ་ཚད་མཐོར་འདེགས་སུ་སོང་བ་དང་། སྤྱི་ཚོགས་འགན་སྲུང་མ་ལག་ཉིན་བཞིན་འཐུས་སྒོ་ཚང་དུ་སོང་ཞིང་། དམངས་ཡོངས་ལ་རིན་པ་མི་དགོས་པར་ལུས་ཕུང་བདེ་ཐང་བརྟག་དཔྱད་བྱས་པ་དང་། རོང་འབྲོག་ཁུལ་གྱི་སྨན་བཅོས་སྒྲིག་ཆས་ཀྱི་ཆ་རྐྱེན་མངོན་གསལ་སྒོས་ཇེ་ལེགས་སུ་ཕྱིན་ཡོད། ཞང་དང་གྲོང་རྡལ་གྱི་འཕྲོད་བསྟེན་ཁང་དང་གྲོང་ཚོའི་འཕྲོད་བསྟེན་ཁང་ཚད་ལྡན་ཅན་དུ་འགྱུར་ཚད་ཆ་སྙོམས་སྒོས་བརྒྱ་ཆའི་བརྒྱ་ཟིན་པ་དང་སྡོད་དམངས་ཀྱི་གཞི་རྩའི་སྨན་བཅོས་ཉེན་ཚབ་ཁྲོད་ཞུགས་ཚད་བརྒྱ་ཆའི་གོ་དགུ་ལྷག་ཟིན་ཡོད། གསུམ། དབུལ་ཐར་མཁྲེགས་གཏོར་ཐད་ནས་ཐག་གཅོད་རང་བཞིན་གྱི་གྲུབ་འབྲས་ཐོབ་ཡོད། ཉིས་སྟོང་བཅུ་བཞི་ལོར།  ཞིན་ཅང་དུ་བསྡོམས་པས་དབུལ་ཕོངས་ཁྱིམ་ཚང་འབུམ་བདུན་དང་ཁྲི་བདུན་ལྷག་གི་དབུལ་ཕོངས་མི་གྲངས་ས་ཡ་གསུམ་དང་ཁྲི་བརྒྱད་ལྷག་ལ་ཚགས་འཛུགས་བྱང་སྒྲིག་བྱས་པ་དང་།  དབུལ་ཕོངས་སྡེ་བ་སྟོང་གསུམ་དང་དྲུག་བརྒྱ་རེ་དྲུག་ཡོད་པ་དང་དབུལ་ཕོངས་རྫོང་སོ་གཉིས་ཡོད། 2019ལོའི་བར། ཞིན་ཅང་ཡོངས་སུ་རིམ་རྩིས་བྱས་ན་མི་གྲང་ས་ཡ་གཉིས་དང་འབུམ་དགུ་ཁྲི་གཉིས་ལྷག་དབུལ་ཕོངས་ལས་ཐར་བ་དང་།  སྡེ་བ་སྟོང་གསུམ་དང་བརྒྱ་དང་བདུན་དབུལ་ཐར་བྱས་ཤིང་།  དབུལ་ཕོངས་རྫོང་ཉེར་གཉིས་ཀྱིས་དབུལ་ཕོངས་ཀྱི་ཞྭ་མོ་ཕུད་པ་དང་།  དབུལ་ཕོངས་ཀྱི་ཚད་ཉིས་སྟོང་བཅུ་བཞི་ལོའི་བརྒྱ་ཆའི་བཅུ་དགུ་ལྷག་ནས་བརྒྱ་ཆའི་གཅིག་དང་གྲངས་ཆུང་གཉིས་བཞི་ལ་ཇེ་ཉུང་དུ་སོང་། དེའི་ནང་དུ། ཞིན་ཅང་ལྷོ་རྒྱུད་ཀྱི་ས་ཁུལ་དང་ཁུལ་བཞི་ལ་རིམ་རྩིས་བྱས་ན་མི་གྲངས་ས་ཡ་གཉིས་དང་འབུམ་ལྔ་ཁྲི་གཅིག་ལྷག་དབུལ་ཐར་བྱས་པ་དང་། སྡེ་བ་སྟོང་གཉིས་དང་དྲུག་བརྒྱ་གྱ་གསུམ་དབུལ་ཐར་བྱས་པ།   དབུལ་ཕོངས་རྫོང་བཅུ་དྲུག་གིས་དབུལ་ཕོངས་ཀྱི་ཞྭ་བ་ཕུད་ཅིང་། དབུལ་ཕོངས་ཀྱི་ཚད་དེ་ཉིས་སྟོང་བཅུ་བཞི་ལོའི་བརྒྱ་ཆའི་ཉེར་དགུ་ལྷག་ནས་བརྒྱ་ཆའི་གཉིས་དང་གྲངས་ཆུང་གཉིས་གཅིག་ལ་ཇེ་ཉུང་དུ་སོང་།   སེམས་ཁྲལ་བྱེད་མི་དགོས་པ་གཉིས་དང་འགན་སྲུང་གསུམ་གྱི་གནད་དོན་མངོན་གསལ་སྒོས་ཐག་གཅོད་བྱས། དབུལ་ཕོངས་ཁྱིམ་ཚང་གི་འོས་འགན་སློབ་གསོའི་དུས་རིམ་གྱི་བྱིས་པ་དབུལ་ཕོངས་ཀྱི་རྐྱེན་གྱིས་སློབ་ཤོར་དང་སློབ་མཚམས་ཆད་པའི་གནས་ཚུལ་གཙང་སེལ་བྱུང་ཞིང་། དབུལ་ཕོངས་མི་འབོར་གྱི་གཞི་རྩའི་སྨན་བཅོས་ཉེན་ཚབ་དང་ནད་ལྗིད་མོ་བྱུང་ནས་ཉེན་ཚབ་ཁྲོད་ཞུགས་ཚད་ཆ་སྙོམས་སྒོས་བརྒྱ་ཆའི་བརྒྱ་ཟིན་ཡོད། གནས་སྤོར་དབུལ་སྐྱོར་གྱི་ལས་འགན་ཕྱོགས་ཡོངས་ནས་ལེགས་གྲུབ་བྱུང་བ་དང་། དབུལ་ཕོངས་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་ལེགས་བཅོས་ཆེན་པོ་བྱུང་ཡོད། བཞི། ཀྲུང་དབྱང་གིས་རྒྱབ་སྐྱོར་བྱེད་པ་དང་རྒྱལ་ཡོངས་ཀྱིས་ཞིན་ཅང་ལ་ཁ་གཏད་རོགས་སྐྱོར་བྱེད་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་བཏང་ཡོད། ཉིས་སྟོང་བཅུ་བཞི་ནས་ཉིས་སྟོང་བཅུ་དགུ་ལོའི་བར་ཀྲུང་དབྱང་ནོར་སྲིད་ཀྱིས་ཞིན་ཅང་རང་སྐྱོང་ལྗོངས་དང་དཔུང་སྡེ་ལ་སྤོ་སྤྲོད་བྱས་པའི་འགྲོ་སོང་གི་ཚད་སྒོར་ཁྲག་ཁྲིག་གཉིས་དང་ཐར་ཆེན་དྲུག་ཐེར་འབུམ་གསུམ་དང་དུང་ཕྱུར་དྲུག་ལྷག་ནས་སྒོར་ཁྲག་ཁྲིག་བཞི་དང་ཐེར་ཆེན་གཉིས་ཐེར་འབུམ་གཉིས་དང་དུང་ཕྱུར་བཞི་ལྷག་ལ་འཕར་སྣོན་བྱུང་ཞིང་། ལོ་རེར་ཆ་སྙོམས་སྒོས་བརྒྱ་ཆའི་བཅུ་ལྷག་འཕར་ཡོད། ལོ་དྲུག་གི་རིང་ལ། ཞིན་ཅང་ལ་སྒོར་དུང་ཕྱུར་ཁྲི་གཉིས་ལྷག་གིས་རྒྱབ་སྐྱོར་བྱས། ཞིན་ཅང་ལ་རོགས་སྐྱོར་བྱེད་པའི་ཞིང་ཆེན་དང་གྲོང་ཁྱེར་བཅུ་དགུ་ཡིས་ཕྱོགས་ཡོངས་ནས་ཁ་གཏད་རོགས་སྐྱོར་བྱེད་པར་ཤུགས་བསྣན།  རིམ་རྩིས་བྱས་ན་ཞིན་ཅང་ལ་རོགས་་སྐྱོར་བྱས་པའི་མ་དངུལ་སྒོར་ཐེར་ཆེན་དགུ་དང་འབུམ་དྲུག་དུང་ཕྱུར་བཞི་བཏང་བ་དང་། ཞིན་ཅང་ལ་རོགས་སྐྱོར་བྱས་པའི་ལས་གཞི་ཁྲི་གཅིག་ལྷག་ལ་སླེབས་ཡོད།  ཞིང་ཆེན་དང་གྲོང་ཁྱེར་གྱི་ཁེ་ལས་སུ་ཞིན་ཅང་ལ་རོགས་སྐྱོར་བྱེད་པའི་མ་དངུལ་སྒོར་ཁྲིག་ཁྲིག་ཆེན་མོ་གཅིག་དང་ཁྲག་ཁྲིག་དྲུག་ཐེར་ཆེན་བརྒྱད་དང་ཐེར་འབུམ་བཞི་ནང་འདྲེན་བྱས།  ཀྲུང་དབྱང་ཁེ་ལས་ཀྱིས་བཏང་བའི་མ་དངུལ་སྒོར་ཁྲག་ཁྲིག་བདུན་ལས་བརྒལ་ཡོད། སྤྱི་ཡོངས་ནས་བལྟས་ན། ཞིན་ཅང་དུ་སྤྱི་ཚོགས་བརྟན་ལྷིང་དང་མི་དམངས་བདེ་སྡོད་ལས་བརྩོན་གྱི་རྣམ་པ་བཟང་པོ་ཆགས་ཡོད་པ་དེས་ཡུན་སྐྱོང་བདེ་འགོད་བྱེད་པར་རྨང་གཞི་བརྟན་པོ་ཞིག་བཏིང་ཡོད། རང་རྒྱལ་གྱི་མི་རིགས་ལས་དོན་ལེགས་གྲུབ་བྱུང་བ་དོན་དངོས་ཐོག་ནས་ར་སྤྲོད་གང་ལེགས་བྱས་ཡོད། གྲུབ་འབྲས་འདི་དག་ཐོབ་པ་ནི་ཏང་ཀྲུང་དབྱང་གིས་འགོ་ཁྲིད་སྟོབས་ལྡན་བྱས་པའི་འབྲས་བུ་ཡིན་ལ། ཏང་ཡོངས་དང་རྒྱལ་ཡོངས་མི་དམངས་ཀྱིས་ཐུན་མོང་སྒོས་འབད་འཐབ་བྱས་པའི་འབྲས་བུ་ཡིན་ལ། ཞིན་ཅང་གི་རིགས་སོ་སོའི་བུ་དང་བུ་མོ་བྱེ་བ་གཉིས་དང་ས་ཡ་ལྔ་ལྷག་གི་བློ་གྲོས་དང་རྔུལ་ཆུ་གཅིག་སྡུད་བྱས།  ཞི་ཅིན་ཕིང་གིས་ཏང་ཀྲུང་དབྱང་གི་ཚབ་མཛད་དེ་ཞིན་ཅང་བྱ་བའི་འཐབ་ཕྱོགས་སོ་སོའི་ནང་ཞུགས་པ་དང་རྒྱབ་སྐྱོར་བྱེད་པའི་བློ་མཐུན་རྣམས་དང་། ཞིན་ཅང་མི་རིགས་ཁག་གི་མི་དམངས། གཞི་རིམ་གྱི་འཐབ་ཕྱོགས་དང་པོར་དཀའ་སྤྱད་ལས་སྒྲུབ་བྱེད་མཁན་གྱི་རྒྱ་ཆེའི་ལས་བྱེད་པ་དང་ལས་བཟོ་བར་ལྷག་བསམ་ཟོལ་མེད་ཀྱིས་འཚམས་འདྲི་ཞུས།

1126544667_16011268391591n.jpg

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་པའི་ཚུན་ལ། ཏང་ཀྲུང་དབྱང་གིས་ཞིན་ཅང་སྐྱོང་བའི་ཆོས་ཉིད་ལ་ངོས་འཛིན་དང་ཁོང་དུ་ཡང་དག་ཆུད་པར་བྱས་ཏེ། དུས་རབས་གསར་པའི་ཏང་གི་ཞིན་ཅང་སྐྱོང་བའི་ཇུས་གཞི་ཆེན་པོ་གྲུབ། འཐབ་ཇུས་ཐོག་ནས་ཞིན་ཅང་གི་ལས་དོན་ལ་ཞིབ་ལྟ་དང་ཇུས་འགོད་བྱ་རྒྱུ་རྒྱུན་འཁྱོངས་བྱེད་དགོས། སྤྱི་ཚོགས་བརྟན་འཇགས་དང་ཡུན་སྐྱོང་བདེ་འགོད་རྒྱུན་འཁྱོངས་བྱ་རྒྱུ་དེ་ཞིན་ཅང་ལས་དོན་གྱི་སྤྱིའི་དམིགས་ཚད་དུ་བརྩི་བ་དང་མི་སེམས་གཅིག་སྒྲིལ་བྱ་རྒྱུ་རྩ་བར་འཛིན་རྒྱུ་རྒྱུན་འཁྱོངས་བྱེད་དགོས། ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པ་དང་། རང་རྒྱལ་གྱི་ཆོས་ལུགས་ཀྲུང་གོ་ཅན་དུ་འགྱུར་བའི་ཁ་ཕྱོགས་རྒྱུན་འཁྱོངས། སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་རིན་ཐང་ལྟ་བ་དར་སྤེལ་དང་སྐྱེད་སྲིང་བྱ་རྒྱུ་རྒྱུན་འཁྱོངས་དང་། དམངས་འཚོ་དང་བསྟུན་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་རྒྱུན་འཁྱོངས་བྱེད་དགོས། ཏང་གིས་ཞིན་ཅང་ལས་དོན་ལ་འགོ་ཁྲིད་བྱ་རྒྱུར་ཤུགས་སྣོན་རྒྱག་རྒྱུ་རྒྱུན་འཁྱོངས་བྱེད་དགོས། དུས་རབས་གསར་པའི་ཏང་གི་ཞིན་ཅང་སྐྱོང་བའི་མཛད་ཇུས་རྦད་དེ་ཡང་དག་ཡིན་པས་ངེས་པར་དུ་ཡུན་རིང་རྒྱུན་འཁྱོངས་བྱེད་དགོས། ཏང་ཡོངས་ཀྱིས་དུས་རབས་གསར་པའི་ཏང་གི་ཞིན་ཅང་སྐྱོང་བའི་ཐབས་ཇུས་དོན་འཁྱོལ་བྱ་རྒྱུ་དེ་ཆབ་སྲིད་ཀྱི་ལས་འགན་ཞིག་ཏུ་བརྩིས་ནས། འཐུས་སྒོ་ཚང་ལ་གནད་ལ་འཁེལ་བའི་སྒོ་ནས་ལག་བསྟར་བྱ་རྒྱུའི་ཐད་ཤུགས་སྣོན་བརྒྱབ་ནས་ཞིན་ཅང་གི་ལས་དོན་ཐད་ཐོག་མཐའ་བར་གསུམ་དུ་ཡང་དག་པའི་ཆབ་སྲིད་ཀྱི་ཁ་ཕྱོགས་རྒྱུན་འཁྱོངས་ཐུབ་པར་འགན་ལེན་བྱེད་དགོས་ཟེར།

ཞི་ཅིན་ཕིང་གིས་བསྟན་དོན། ཞིན་ཅང་གི་སྤྱི་ཚོགས་གནས་བབ་རྒྱུན་མཐུད་བརྟན་འཇགས་དང་ཡུན་རིང་བརྟན་འཇགས་རྒྱུན་འཁྱོངས་བྱེད་དགོས། སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་དར་ཆ་མཐོན་པོར་སྒྲེང་བ་དང་ཁྲིམས་སྐྱོང་གི་སྙིང་སྟོབས་དར་སྤེལ་བཏང་ནས། ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བའི་བླང་བྱ་ཞིན་ཅང་གི་ལས་ཀའི་ཁྱབ་ཁོངས་ཁག་ཏུ་དོན་འཁྱོལ་བྱེད་དགོས། ཏང་ཨུས་འགོ་ཁྲིད་དང་སྲིད་གཞུང་གིས་འགན་འཁུར། སྤྱི་ཚོགས་ཀྱིས་གཞོགས་འདེགས། མང་ཚོགས་ཟབ་ཞུགས། ཁྲིམས་སྐྱོང་གིས་འགན་སྲུང་བཅས་བྱེད་པའི་སྤྱི་ཚོགས་བཅོས་སྐྱོང་གི་སྒྲིག་སྲོལ་ཁྱོན་ཡོངས་ནས་ཆགས་པར་བྱས་མཐར། མཉམ་སྐྲུན་མཉམ་བཅོས་མཉམ་སྤྱོད་བཅས་ཀྱི་སྤྱི་ཚོགས་བཅོས་སྐྱོང་རྣམ་པ་བསྐྲུན་དགོས་ཟེར།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་ཇེ་བརྟན་དུ་གཏོང་རྒྱུ་གཙོ་རྐང་དུ་བྱས་ཏེ། མི་རིགས་ཁག་གི་མཐུན་སྒྲིལ་ཆེན་མོ་རྒྱུན་ཆད་མེད་པར་སྲ་བརྟན་དུ་གཏོང་དགོས། ཞིན་ཅང་ནི་གནའ་སྔ་མོ་ནས་བཟུང་མི་རིགས་མང་པོ་འདུས་སྡོད་བྱེད་པའི་ས་ཁུལ་ཡིན་པ་དང་། ཞིན་ཅང་མི་རིགས་ཁག་ནི་ཀྲུང་ཧྭ་མི་རིགས་ཀྱི་ཁྲག་རྒྱུན་འདྲེས་པའི་ཁྱིམ་མི་ཡིན། ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་ཚོགས་པའི་ལོ་རྒྱུས་དང་ཀྲུང་ཧྭ་མི་རིགས་སྣ་མང་གཞི་གཅིག་གི་གནས་སྟངས་ལ་ཞིབ་འཇུག་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་སློབ་གསོ་དེ་ཞིན་ཅང་གི་ལས་བྱེད་པའི་སློབ་གསོ་དང་གཞོན་ནུ་ལོ་ཆུང་གི་སློབ་གསོ། སྤྱི་ཚོགས་ཀྱི་སློབ་གསོ་བཅས་ནང་འཇུག་པར་བྱེད་པ་དང་། མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ལ་ཡང་དག་པའི་རྒྱལ་ཁབ་ཀྱི་ལྟ་བ་དང་ལོ་རྒྱུས་ཀྱི་ལྟ་བ། མི་རིགས་ཀྱི་ལྟ་བ། རིག་གནས་ཀྱི་ལྟ་བ། ཆོས་ལུགས་ཀྱི་ལྟ་བ་བཅས་འཛུགས་རྒྱུར་སློབ་གསོ་ཁྲིད་སྟོན་བྱེད་པ། ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་ཚོགས་པའི་འདུ་ཤེས་ཀྱི་རྩ་བ་གཏིང་ཟབ་དུ་ཟུག་པར་བྱེད་དགོས། མི་རིགས་ཁག་རྒྱ་ཁྱབ་ཏུ་འགྲོ་འོང་དང་ཕྱོགས་ཡོངས་ནས་སྤེལ་རེས། མཉམ་འདྲེས་གཏིང་ཟབ་བཅས་ཡོང་བར་སྐུལ་འདེད་གཏོང་དགོས། ཞིན་ཅང་གི་དབྱི་སི་ལན་ཆོས་ལུགས་ཀྲུང་གོ་ཅན་གྱི་ཁ་ཕྱོགས་རྒྱུན་འཁྱོངས་བྱས་ཏེ་ཆ། ས་ལུགས་སྐྱོན་བྲལ་ངང་འཕེལ་རྒྱས་ཡོང་བ་བྱེད་དགོས། འདུ་ཤེས་འཛིན་སྟངས་ཁྱབ་ཁོངས་ཀྱི་ལས་དོན་གཏིང་ཟབ་ངང་ཡག་པོ་སྒྲུབ་པ་དང་རིག་གནས་ལ་བརྟེན་ནས་ཞིན་ཅང་གི་ལས་དོན་གཏིང་ཟབ་སྤེལ་དགོས་ཟེར།

ཞི་ཅིན་ཕིང་གིས་བསྟན་དོན། འཕེལ་རྒྱས་ནི་ཞིན་ཅང་ཡུན་སྐྱོང་བདེ་འགོད་ཀྱི་རྨང་གཞི་གལ་ཆེན་ཡིན། ཞིན་ཅང་གི་ས་བབ་བཟང་ཆ་འདོན་སྤེལ་བྱས་ནས། དར་གོས་ཚོང་ལམ་དཔལ་འབྱོར་ས་ཁུལ་གྱི་ལྟེ་བའི་ས་གནས་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་རྒྱུ་སྒུལ་ཤུགས་སུ་བྱས་ཏེ། ཞིན་ཅང་རང་ངོས་ཀྱི་ས་ཁོངས་རང་བཞིན་གྱི་སྒོ་འབྱེད་འཐབ་ཇུས་དེ་རྒྱལ་ཁབ་ཀྱིས་ནུབ་རྒྱུད་གསར་སྤེལ་ཆེན་མོའི་སྤྱིའི་བཀོད་སྒྲིག་ནང་བཅུག་ཡོད། ཕྱི་ཕྱོགས་སུ་སྒོ་འབྱེད་པའི་གཞི་རྟེན་ཕུན་སུམ་ཇེ་ཚོགས་སུ་གཏོང་བ་དང་ཕྱི་ཕྱོགས་སུ་སྒོ་འབྱེད་པའི་རིམ་པ་མཐོ་རུ་གཏོང་བ། སྒོ་འབྱེད་ཅན་གྱི་དཔལ་འབྱོར་སྒྲིག་སྲོལ་གསར་གཏོད་བཅས་བྱས་ཏེ། སྐམ་ས་སྒོ་འབྱེད་དང་མཐའ་རྒྱུད་སྒོ་འབྱེད་ཀྱི་མཐོ་ས་བསྐྲུན་དགོས། བཟོ་ལས་ཀྱི་རྨང་གཞི་ཇེ་བརྟན་དུ་གཏོང་བ་དང་ཕན་འབྲས་ཆེ་རུ་་གཏོང་བ། ཚུལ་སྒྱུར་རིམ་སྤར་ལ་སྐུལ་འདེད་གཏོང་བ། ཞིན་ཅང་གི་ཁྱད་ལྡན་ཐོན་ལས་སྐྱེད་སྲིང་དང་སྟོབས་ཆེར་བཏང་ནས་མང་ཚོགས་ཀྱི་ཡོང་འབབ་འཕར་བྱས་ཏེ་ཕྱུག་འགྱུར་ཡོང་རྒྱུར་སྐུལ་ཁྲིད་བྱེད་དགོས། ཚན་རིག་དང་མཐུན་པའི་སྒོ་ནས་འཛུགས་སྐྲུན་འཆར་འགོད་བྱས་ཏེ་གྲོང་ཁྱེར་དང་གྲོང་རྡལ་ཅན་གྱི་སྤུས་ཚད་ཁྱོན་ཡོངས་ནས་མཐོ་རུ་གཏོང་དགོས། རི་ལྗང་ཆུ་དྭངས་གསེར་དངུལ་རི་ལས་ལྷག་པའི་འདུ་ཤེས་རྒྱུན་འཁྱོངས་བྱས་ཏེ། སྐྱེ་ཁམས་སྲུང་སྐྱོབ་ཀྱི་ཚད་མཐའ་བརྟན་སྲུང་མཐའ་གཅིག་ཏུ་བྱེད་པ་དང་། བྱེ་བཅོས་ཆུ་བཅོས་དང་ནགས་ཚལ་དང་རྩྭ་ཐང་སྲུང་སྐྱོབ་ཀྱི་ལས་དོན་ལ་གཅིག་གྱུར་འཆར་འགོད་ཀྱིས་སྐུལ་སྤེལ་བྱེད་དགོས། མཛེས་སྡུག་ལྡན་པའི་ཞིན་ཅང་གི་ནམ་མཁའ་སྔར་ལས་སྔོ་བ་དང་རི་བོ་སྔར་ལས་ལྗང་བ། ཆུ་བོ་སྔར་ལས་དྭངས་བ་བཅས་ཡོང་བར་བྱེད་དགོས་ཟེར

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། རིམས་ནད་སྔོན་འགོག་ཚོད་འཛིན་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་གཅིག་གྱུར་བཀོད་སྒྲིག་བྱེད་དགོས། བརྟན་འཇགས་དྲུག་གི་ལས་དོན་ཡག་པོ་སྒྲུབ་པ་དང་འགན་ལེན་དྲུག་གི་ལས་འགན་དོན་འཁྱོལ་བྱས་ཏེ། དབུལ་ཐར་མཁྲེགས་གཏོར་དང་ལས་ཞུགས་ལ་སྐུལ་འདེད་གཏོང་བའི་དོན་ཆེན་གཉིས་རྒྱུན་སྲིང་ལྷོད་མེད་ངང་དམ་འཛིན་ཡག་པོ་བྱེད་དགོས། དབུལ་པོ་བསྐྱར་ལོག་སྔོན་འགོག་གི་ལྟ་ཞིབ་ཚད་ལེན་དང་རོགས་སྐྱོར་ལམ་ལུགས་དང་ལམ་སྲོལ་འཐུས་ཚང་དུ་གཏོང་བ། ཕྱོགས་ཡོངས་ནས་དབུལ་ཐར་དང་གྲོང་གསེབ་དར་རྒྱས་སྦྲེལ་མཐུད་ནུས་ལྡན་ཡོང་བར་མུ་མཐུད་སྐུལ་འདེད་གཏོང་བ་དང་། ནང་གནས་འཕེལ་རྒྱས་ཀྱི་སྒུལ་ཤུགས་དང་འཕེལ་རྒྱས་ཀྱི་གསོན་ཤུགས་གཙོ་གནད་དུ་བཟུང་ནས་ཆེ་རུ་གཏོང་དགོས། དབུལ་ཐར་རྗེས་ཀྱི་ནུས་པ་འཕེལ་རྒྱས་དང་རྒྱུན་མཐུད་ཐུབ་པར་ཁག་ཐེག་བྱེད་དགོས། སྲིད་ཇུས་ཀྱི་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ་དང་། སྒྲིག་སྲོལ་དང་ལམ་སྲོལ་གསར་གཏོད་བྱེད་པ། ཐག་ཉེ་ས་དང་ས་གནས་དེ་གར་ལས་ཞུགས་བྱ་རྒྱུ་དང་། གོ་རིམ་ལྡན་པའི་སྒོ་ནས་ལས་ཞུགས་གཞན་སྒྱུར་བྱ་རྒྱུ་ཟུང་འབྲེལ་ནུས་ལྡན་བྱ་རྒྱུ་རྒྱུན་འཁྱོངས་བྱེད་དགོས། ཞིན་ཅང་ལྷོ་རྒྱུད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་དམངས་འཚོ་ལེགས་བཅོས་གཏོང་རྒྱུར་སྐུལ་འདེད་ཤུགས་ཆེན་གཏོང་དགོས། རིམ་པ་མང་བ་དང་ཕྱོགས་ཡོངས། ལངས་གཟུགས་ཅན་བཅས་ཀྱི་ཐོག་ནས་ཞིན་ཅང་གི་གཏམ་རྒྱུད་ཡག་པོ་འཆད་རྒྱུ་དང་། བདེན་ཡོད་ཞུམ་མེད་ཀྱི་སྒོ་ནས་ཞིན་ཅང་གི་སྤྱི་ཚོགས་བརྟན་འཇགས་ཀྱི་གནས་བབ་བཟང་པོ་དང་མི་དམངས་བདེ་སྡོད་ལས་བརྩོན་གྱི་བདེ་སྐྱིད་འཚོ་བ་དྲིལ་བསྒྲགས་བྱེད་དགོས་ཟེར།

ཞི་ཅིན་ཕིང་གིས་བསྟན་དོན། ང་ཚོའི་ཏང་གི་ཐོག་མའི་བསམ་འདུན་དང་འགན་འཁྲི་ནི་ཞིན་ཅང་གི་མི་རིགས་ཁག་གི་མི་དམངས་ཚུད་པའི་ཀྲུང་གོའི་མི་དམངས་ལ་བདེ་སྐྱིད་བསྐྲུན་པ་དང་ཞིན་ཅང་གི་མི་རིགས་ཁག་ཚུད་པའི་ཀྲུང་ཧྭ་མི་རིགས་བསྐྱར་དར་ཡོང་ཆེད་ཡིན། རིམ་པ་སོ་སོའི་ཏང་ཨུས་དུས་རབས་གསར་པའི་ཏང་གི་ཞིན་ཅང་སྐྱོང་བའི་མཛད་ཇུས་ལ་རང་རྟོགས་སྒོས་བསམ་བློ་དང་ཆབ་སྲིད། བྱ་སྤྱོད་བཅས་ཀྱི་ཐད་ནས་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་ཡོང་བར་བྱེད་དགོས། རྒྱུན་འཁྱོངས་ལྷོད་མེད་ཀྱི་སྒོ་ནས་ཕུགས་བསམ་དང་ཡིད་ཆེས་ཀྱི་སློབ་གསོ་ཇེ་དྲག་ཏུ་གཏོང་བ་དང་ཆབ་སྲིད་སྦྱོང་བརྡར་འབུར་ཐོན། རྒྱུན་རྣམ་ཅན་གྱི་ལས་བྱེད་པའི་ཆབ་སྲིད་བྱང་ཚད་ངོས་འཛིན་བྱས་ཏེ། རིམ་པ་ཁག་གི་འགོ་ཁྲིད་དབང་ཆ་ཐོག་མཐའ་བར་གསུམ་དུ་ལྷག་བསམ་རྣམ་དག་དང་སྤྱོད་གཙང་། འགན་འཁུར་ཕོད་པ་བཅས་ཀྱི་ལས་བྱེད་པའི་ལག་ཏུ་དམ་པོར་འཛིན་དགོས། གསོ་སྐྱོང་དང་གསོ་སྦྱོང་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཞིན་ཅང་གི་ལས་བྱེད་པའི་དཔུང་ཁག་གསོ་སྐྱོང་དང་གསོ་སྦྱོང་གི་འཆར་འགོད་ཞིབ་འཇུག་དང་གཏན་འབེབས་བྱས་ཏེ། རིགས་པའི་གཞུང་ལུགས་ཀྱི་རྨང་གཞི་བརྟན་པོ་དང་སྲིད་ཇུས་ཁོང་དུ་ཆུད་པར་བྱེད་པ། ལག་ལེན་བྱེད་ནུས་ཆེ་བ་བཅས་ཀྱི་ལས་བྱེད་པའི་དཔུང་སྡེ་ཅིག་གསོ་སྐྱོང་ཤུགས་ཆེན་བྱེད་དགོས། ཏང་ལ་བློ་དཀར་སེམས་དཀར་དང་སྤྱོད་ཡོན་གཉིས་ལྡན་གྱི་བྱང་ཚད་མཐོ་བའི་གྲངས་ཉུང་མི་རིགས་ཀྱི་ལས་བྱེད་པའི་དཔུང་སྡེ་ཞིག་འཛུགས་སྐྱོང་བྱ་རྒྱུ་དེ་ལས་འགན་གལ་ཆེན་ཞིག་ཏུ་བརྩིས་ནས་དམ་འཛིན་ལྷོད་མེད་བྱེད་དགོས། མི་སྣ་བཀོལ་སྤྱོད་ཀྱི་ཁྲིད་ཕྱོགས་གསལ་པོ་འཛུགས་པ་དང་ཆབ་སྲིད་ཐད་ཉམས་སད་ཐེག་ཐུབ་པ་དང་འགན་འཁུར་ཕོད་པའི་གྲངས་ཉུང་མི་རིགས་ཀྱི་ལས་བྱེད་པ་ཕུལ་བྱུང་ལ་ཡིད་ཆེས་གང་ལེགས་དང་མཐུན་སྒྲིལ་བརྟན་པོ། བློ་ཁོག་ཆེན་པོས་འདེམས་བསྐོ་བྱེད་པ། བློ་ཁོག་ཆེན་པོས་བཀོལ་སྤྱོད་བཅས་བྱེད་དགོས། སྤྱོད་ཚུལ་འབུར་ཐོན་ཅན་ཐད་ཀར་དམིགས་བསལ་གྱིས་གནས་སྤར་བཀོལ་སྤྱོད་བྱས་ཆོག་ཟེར།

ཞི་ཅིན་ཕིང་གིས་བསྟན་དོན། ཞིན་ཅང་གི་མི་རིགས་ཁག་གི་ལས་བྱེད་པ་ནི་ཡིད་ཆེས་བྱེད་འོས་པ་དང་འཐབ་ནུས་ལྡན་པ་ཞིག་ཡིན། ཁོང་ཚོར་ཆབ་སྲིད་ཐད་བསྔགས་སྐུལ་དང་ལས་ཀའི་ཐད་རྒྱབ་སྐྱོར། ཐོབ་ཐང་ཐད་འགན་ལེན། འཚོ་བའི་ཐད་ཐུགས་ཁུར། སེམས་ཁམས་ཐད་རྒྱུས་ལོན་བཅས་བྱས་ནས། བྱེད་ཐབས་ནུས་ལྡན་སྤྱད་དེ་ཞིན་ཅང་གི་ལས་བྱེད་པ་དང་ཤེས་ལྡན་པའི་དཔུང་སྡེ་བརྟན་པོ་ཡོང་བར་བྱ་དགོས། མི་རིགས་ཀྱི་སྙིང་སྟོབས་དང་དུས་རབས་ཀྱི་སྙིང་སྟོབས་དར་སྤེལ་གཏོང་བ་དང་ཧུའུ་དབྱང་གི་སྙིང་སྟོབས་དང་དམག་སྡེ་ཡི་སྙིང་སྟོབས་ལག་ལེན་དུ་བསྟར་ནས། རིམ་པ་སོ་སོའི་ལས་བྱེད་པས་དུས་རབས་གསར་པར་མཐའ་མཚམས་ནས་གཞི་ཚུགས་པར་བྱེད་པ་དང་མཐའ་མཚམས་སུ་ལེགས་སྐྱེས་འབུལ་བའི་ཐད་སྐུལ་མ་གཏོང་དགོས་ཟེར།

ཞི་ཅིན་ཕིང་གིས་བསྟན་དོན། ཞིན་ཅང་གི་ལས་དོན་ཡག་པོ་བསྒྲུབ་རྒྱུ་ནི་ཏང་ཡོངས་དང་རྒྱལ་ཡོངས་ཀྱི་དོན་ཆེན་ཞིག་ཡིན། ངེས་པར་དུ་རྒྱལ་ཡོངས་མིག་མངས་འགྲིག་སྐོར་གཅིག་ལྟ་བུའི་བསམ་བློ་བརྟན་པོ་བཙུགས་ཏེ། ཏང་ཀྲུང་དབྱང་གི་གཅིག་གྱུར་འགོ་ཁྲིད་དང་ཀྲུང་དབྱང་སྡེ་ཁག་གིས་རྒྱབ་སྐྱོར་དང་མཛུབ་སྟོན་བྱེད་པ། ཞིང་ཆེན་དང་གྲོང་ཁྱེར་ཁག་གིས་རོགས་སྐྱོར་དང་གཞོགས་འདེགས་བྱེད་པ། ཞིན་ཅང་གིས་གཙོ་ཤུགས་ནུས་པ་འདོན་སྤེལ་བཅས་བྱེད་པའི་ལས་ཀའི་ལམ་སྲོལ་འཐུས་ཚང་དུ་གཏོང་དགོས། ཀྲུང་དབྱང་གི་ཞིན་ཅང་ལས་དོན་མཐུན་སྦྱོར་ཚོགས་ཆུང་གིས་ཏང་ཀྲུང་དབྱང་གི་འགོ་ཁྲིད་འོག ཞིན་ཅང་གི་ལས་ཀའི་གནས་བབ་ལ་ཞིབ་འཇུག་བརྡར་གཅོད་དང་སྲིད་ཇུས་ཞིབ་འཇུགམཐུན་སྦྱོར་མཛུབ་སྟོན། ལྟ་སྐུལ་ཞིབ་བཤེར་བཅས་ལ་ཤུགས་སྣོན་བརྒྱབ་སྟེ། གནད་དོན་གལ་ཆེན་ལ་དུས་ཐོག་ཏུ་ལས་ཀའི་བསམ་འཆར་འདོན་དགོས། ཀྲུང་དབྱང་གི་འབྲེལ་ཡོད་སྡེ་ཁག་གིས་རང་འགན་རང་ཁུར་དང་གཞོགས་འདེགས་དམ་ཟབ། བརྟག་དཔྱད་ཞིབ་འཇུག་དང་ལྟ་སྐུལ་སློབ་སྟོན་གཏིང་ཟབ་བཅས་བྱས་ནས། དུས་ཐོག་ཏུ་གནད་དོན་ཤེས་རྟོགས་བྱས་ནས་དཀའ་ངལ་སེལ་རོགས་བྱེད་དགོས། ཞིན་ཅང་རང་སྐྱོང་ལྗོངས་ཏང་ཨུས་འཐབ་ཕྱོགས་དང་པོར་ལངས་ནས་བྱེད་པོའི་འགན་འཁྲི་ཡག་པོ་སྒྲུབ་པ་དང་ལས་དོན་དོན་འཁྱོལ་ལ་དམ་འཛིན་ཡག་པོ་བྱེད་དགོས། ནང་ལོག་གི་ཞིང་ཆེན་དང་རང་སྐྱོང་ལྗོངས། གྲོང་ཁྱེར་བཅས་ཁག་གིས་ཞིན་ཅང་དང་འབྲེལ་བ་ཡོད་པའི་ལས་དོན་ཏན་ཏིག་ངང་ཡག་པོ་བསྒྲུབས་ནས། ཞིན་ཅང་གི་བརྟན་འཇགས་དང་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་དགོས། ཞིན་ཅང་ལ་རོགས་སྐྱོར་བྱེད་པའི་ཞིང་ཆེན་དང་གྲོང་ཁྱེར་ཁག་གིས་ཞིན་ཅང་དང་མཐུན་སྦྱོར་གཞོགས་འདེགས་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས། ཡུན་རིང་ཁ་གཏད་བར་ཞིན་ཅང་ལ་རོགས་སྐྱོར་བྱེད་པ་རྒྱུན་འཁྱོངས་ཀྱིས། རོགས་སྐྱོར་གྱི་ ཕྱོགས་བསྡུས་ཕན་འབྲས་ཆེ་རུ་གཏོང་དགོས། བཅོས་སྒྱུར་མུ་མཐུད་གཏིང་ཟབ་ཏུ་བཏང་ནས་བརྟན་འཇགས་སྲུང་སྐྱོབ་ཀྱི་ནུས་པ་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་དགོས། དམག་སྡེ་ཡི་རྩ་འཛུགས་ལེགས་ཆ་དང་སྐུལ་སློང་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་བཏང་ནས་དམིགས་བསལ་ནུས་པ་གང་ལེགས་འདོན་དགོས་ཟེར།

ལིས་ཁི་ཆང་གིས་གྲོས་ཚོགས་ལ་མགོ་འཛིན་མཛད་སྐབས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱིས་ཀྲུང་དབྱང་གི་ཞིན་ཅང་བྱ་བའི་བཞུགས་མོལ་ཚོགས་འདུ་ཐེངས་གཉིས་པ་འཚོགས་པའི་ཚུན་ལ། ཞིན་ཅང་བྱ་བའི་ཐད་ལ་ཐོབ་པའི་གྲུབ་འབྲས་གལ་ཆེན་ལ་ཁྱོན་ཡོངས་ནས་སྤྱི་བསྡོམས་བྱས་པ་དང་མིག་སྔའི་ཞིན་ཅང་བྱ་བའི་མདུན་དུ་ལྷགས་པའི་གནས་བབ་ལ་དབྱེ་ཞིབ་གཏིང་ཟབ་བྱས། དུས་རབས་གསར་པའི་ཏང་གི་ཞིན་སྐྱོང་མཛད་ཇུས་རྒྱས་བཤད་བྱས་ཡོད། དེང་སྐབས་དང་མ་འོངས་པའི་དུས་སྐབས་ཤིག་རིང་གི་ཞིན་ཅང་ལས་དོན་གྱི་མཛུབ་ཁྲིད་བསམ་བློ་དང་དམིགས་ཚད་ལས་འགན། བྱེད་ཕྱོགས་དང་སྲིད་ཇུས། འཐབ་ཇུས་བྱ་ཐབས་བཅས་ཁ་གསལ་བཟོས་པ་དང་། ཞིན་ཅང་གི་སྤྱི་ཚོགས་བརྟན་འཇགས་དང་ཡུན་སྐྱོང་བདེ་འགོད་ལ་སྐུལ་འདེད་གཏོང་བའི་གཙོ་གནད་ལས་དོན་ལ་ཕྱོགས་ཡོངས་ནས་བཀོད་སྒྲིག་བྱས། དེར་ཆབ་སྲིད་རང་བཞིན་དང་བསམ་བློའི་རང་བཞིན། རིགས་པའི་གཞུང་ལུགས་རང་བཞིན་བཅས་ཧ་ཅང་ཆེན་པོ་ལྡན་པ་དང་། དེ་ནི་དུས་རབས་གསར་པའི་ཞིན་ཅང་ལས་དོན་ལ་མཛུབ་སྟོན་བྱེད་པའི་རྩ་འཛིན་རང་བཞིན་གྱི་ཚད་ལྡན་ཡིག་ཆ་ཞིག་ཡིན། དགོངས་དོན་ལ་སློབ་སྦྱོང་དང་གོ་བ་ནན་ཏན་ལེན་པ་དང་། ལས་ཀའི་དོན་དངོས་དང་ཟུང་འབྲེལ་བྱས་ནས་བསམ་བློ་གཏིང་ཟབ་གཏོང་བ། ལག་བསྟར་དོན་འཁྱོལ་བྱེད་ཐབས་ཞིབ་འཇུག་བཅས་བྱེད་དགོས། བསམ་བློ་དང་བྱ་སྤྱོད་གཉིས་ཞིན་ཅང་གི་ལས་དོན་སྐོར་གྱི་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཐོག་གཅིག་གྱུར་ཏན་ཏིག་ཡོང་བར་བྱེད་དགོས། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་བཟུང་ནས། འདུ་ཤེས་བཞི་ཇེ་ཟབ་ཏུ་གཏོང་བ་དང་ཡིད་རྟོན་བཞི་ཇེ་རྟན་དུ་གཏོང་བ། སྲུང་སྐྱོབ་བྱེད་དགོས་པ་གཉིས་བཟང་བོར་སྒྲུབ་ཐུབ་པ་བཅས་བྱས་ཏེ་བློ་བརྟན་འགྱུར་མེད་ངང་ལས་འགན་ཁག་དོན་འཁྱོལ་བྱ་རྒྱུར་དམ་འཛིན་ཡག་པོ་བྱས་མཐར། ཞིན་ཅང་གི་སྤྱི་ཚོགས་བརྟན་འཇགས་དང་ཡུན་སྐྱོང་བདེ་འགོད་ལ་སྐུལ་འདེད་གཏོང་དགོས་ཟེར།

ཝང་དབྱང་གིས་སྤྱི་སྡོམ་གསུང་བཤད་གནང་སྐབས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་གོ་དོན་རྒྱ་ཆེ་ཞིང་བསམ་བློ་གཏིང་ཟབ། ནང་དོན་ཕུན་སུམ་ཚོགས་པ་བཅས་ཡིན་པས། དུས་རབས་གསར་པའི་ཞིན་ཅང་ལས་དོན་ལ་མཛུབ་སྟོན་བྱེད་པའི་རྩ་འཛིན་རང་བཞིན་གྱི་ཚད་ལྡན་ཡིག་ཆ་ཡིན་ལ། དེ་ནི་ཞིན་ཅང་གི་ལས་དོན་དྲང་པོ་དྲང་གཞག་དང་རྒྱལ་ཁའི་ངང་མདུན་དུ་སྐྱོད་པར་སྣེ་ཁྲིད་བྱེད་པའི་བསམ་བློའི་དྲག་ཆས་སྟོབས་ལྡན་ཞིག་ཡིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་དང་གོ་བ་གཏིང་ཟབ་ལེན་རྒྱུ་དེ་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་དུ་བརྩིས་ནས། དོན་སྙིང་གཙོ་བོ་དང་དགོངས་དོན་གྱི་ངོ་བོ་དངོས་གནས་ཁོང་དུ་ཆུད་པར་བྱས་ཏེ། སློབ་སྦྱོང་གི་བརྒྱུད་རིམ་དེ་ངོས་འཛིན་མཐོར་འདེགས་དང་ལས་ཀ་ལེགས་བཅོས་ཀྱི་བརྒྱུད་རིམ་དུ་འགྱུར་བར་བྱེད་དགོས། དུས་རབས་གསར་པའི་ཏང་གི་ཞིན་ཅང་སྐྱོང་བའི་མཛད་ཇུས་ལ་གོ་བ་ཡང་དག་ལེན་པ་དང་ཡུན་རིང་མཐའ་འཁྱོངས་བྱེད་དགོས། དོན་དངོས་དང་ཟུང་འབྲེལ་གྱིས་ལག་བསྟར་དོན་འཁྱོལ་ཡག་པོ་བྱས་ཏེ་ཞིན་ཅང་གི་ལས་དོན་ཐོག་མཐའ་བར་གསུམ་དུ་ཡང་དག་པའི་ཁ་ཕྱོགས་སུ་མདུན་སྐྱོད་ཐུབ་པར་འགན་ལེན་བྱེད་དགོས། ཞིན་ཅང་ལས་དོན་གྱི་སྤྱིའི་དམིགས་ཚད་ལ་གོ་བ་ནན་མོ་བླངས་ནས་ཕུགས་ཀྱི་ཇུས་གཞི་འདིང་དགོས། རྩ་བ་བརྟན་ཚུགས་ཀྱི་བྱེད་ཐབས་སྤྱད་དེ་ཡུན་སྐྱོང་བདེ་འགོད་དང་འབྲེལ་བ་ཡོད་པའི་གཏིང་རིམ་གྱི་གནད་དོན་ཐད་ཤུགས་སྣོན་རྒྱག་དགོས། ཞིན་ཅང་དང་ཀྲུང་དབྱང་གི་སྡེ་ཁག་སོ་སོས་གྲོས་ཚོགས་ཀྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པའི་ལག་བསྟར་བསམ་འཆར་གཏན་འབེབས་བྱས་ཏེ། ལས་འགན་གཙོ་བོ་རྣམས་དོན་ཚན་རེ་རེ་བཞིན་ཞིབ་ཚགས་སུ་གཏོང་བ་དང་། ཏང་ཀྲུང་དབྱང་གི་ཐབས་ཇུས་དང་བཀོད་སྒྲིག་ལས་དོན་དངོས་ཀྱི་ཕན་འབྲས་སུ་བསྒྱུར་དགོས། རྩ་འཛུགས་ཀྱི་འགོ་ཁྲིད་དང་མཐུན་སྦྱོར་གཞོགས་འདེགས་ལ་ཤུགས་སྣོན་བརྒྱབ་ནས་ལས་ཀའི་འགན་འཁྲི་ཇེ་དམ་དུ་གཏོང་བ་དང་ལྟ་སྐུལ་ཞིབ་བཤེར་ལ་ཤུགས་སྣོན་རྒྱག་དགོས། སྣ་མང་ཕུན་སུམ་ཚོགས་པའི་དྲིལ་བསྒྲགས་དང་སྒྲོག་འགྲེལ་བྱེད་སྒོ་སྤེལ་རྒྱུ་སྒྲིག་འཛུགས་བྱས་ནས་ཚོགས་འདུའི་དགོངས་དོན་གཞི་རིམ་དུ་ཟབ་སྐྱོད་དང་མི་སེམས་ཀྱི་གཏིང་ཟབ་སར་ཟུག་རྒྱུར་སྐུལ་འདེད་གཏོང་དགོས་ཟེར།

པེ་ཅིན་དུ་ཡོད་པའི་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན་དང་ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི། རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་འབྲེལ་ཡོད་འགོ་ཁྲིད་བློ་མཐུན། རྒྱལ་སྲིད་ཨུ་ཡོན། ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་འགོ་འཛིན་དང་ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་འགོ་འཛིན། རྒྱལ་ཡོངས་སྲིད་གྲོས་ཀྱི་འབྲེལ་ཡོད་འགོ་ཁྲིད་བློ་མཐུན་སོགས་ཚོགས་འདུར་ཞུགས།

ཞིན་ཅང་ཡུ་གུར་རང་སྐྱོང་ལྗོངས་ཀྱི་ཏང་སྲིད་འགན་འཁུར་བློ་མཐུན་དང་། ས་གནས་ཁག་དང་གྲོང་ཁྱེར་ཁག་གི་ཏང་སྲིད་འགན་འཁུར་བློ་མཐུན་གཙོ་བོ། ཞིན་ཅང་ཐོན་སྐྱེད་འཛུགས་སྐྲུན་དཔུང་སྡེའི་ཏང་སྲིད་འགན་འཁུར་བློ་མཐུན་དང་ཧྲི་ཤོག་ཁག་གི་ཏང་སྲིད་འགན་འཁུར་བློ་མཐུན་གཙོ་བོ། ཞིང་ཆེན་དང་རང་སྐྱོང་ལྗོངས། གྲོང་ཁྱེར་བཅས་ཁག་གི་འགན་འཁུར་བློ་མཐུན། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་འབྲེལ་ཡོད་སྡེ་ཁག་གི་འགན་འཁུར་བློ་མཐུན། འབྲེལ་ཡོད་མི་དམངས་ཚོགས་པ་དང་ངུལ་རྩའི་ལས་ཁུངས། ཀྲུང་དབྱང་ཁེ་ལས་བཅས་ཀྱི་འགན་འཁུར་བློ་མཐུན་དང་། དམག་དཔུང་གི་འབྲེལ་ཡོད་སྡེ་ཁག་གི་འགན་འཁུར་བློ་མཐུན་སོགས་ཚོགས་འདུར་ཞུགས། །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།