ཀྲུང་གོ་བོད་ཀྱི་དྲ་བ།

2020ལོའི་རྒྱལ་ཁབ་དྲ་རྒྱའི་བདེ་འཇགས་དྲིལ་བསྒྲགས་གཟའ་འཁོར་འགོ་བརྩམས་པ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།   སྤེལ་དུས། : 2020-09-15
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། 2020ལོའི་རྒྱལ་ཁབ་དྲ་རྒྱའི་བདེ་འཇགས་དྲིལ་བསྒྲགས་གཟའ་འཁོར་ཚེས14འགོ་བརྩམས་ཤིང་། ཚེས20ཉིན་བར་རྒྱལ་ཡོངས་ཀྱི་ཁྱབ་ཁོངས་སུ་དྲ་ཐོག་གི་བྱེད་སྒོ་གཙོ་བོར་བཟུང་ནས་དྲ་ཐོག་དང་དྲ་ཕྱི་ཟུང་འབྲེལ་བྱེད་པའི་ཐབས་ལམ་སྤྱད་དེ།  སྤྲིན་ཚོགས་འགྲེམས་སྟོན་དང་རྟོག་བཟོ་སློབ་ཁང་། དྲ་ཐོག་ནས་དྲིས་ལན་འདེབས་པ། དྲ་ཐོག་ཐད་གཏོང་ཁང་སོགས་ཀྱི་བྱེད་ཐབས་སྣ་ཚོགས་ལ་བརྟེན་ནས། ཁེ་ལས་དང་སྤྱི་ཚོགས་རྩ་འཛུགས། མང་ཚོགས་བཅས་ཞུགས་པར་སྐུལ་སློང་བྱས།

 ཟླ9བའི་ཚེས14ཉིན་གྱི་ཕྱི་དྲོ། ཧོ་ནན་ཞིང་ཆེན་ཀྲེང་ཀྲོའུ་གྲོང་ཁྱེར་དུ་འཚོགས་པའི་དྲ་རྒྱའི་བདེ་འཇགས་མཐོ་རིམ་གླེང་སྟེགས་ཐོག་ཀྲུང་དབྱང་དྲིལ་བསྒྲགས་པུའུ་ཡི་པུའུ་ཀྲང་གཞོན་པའམ་ཀྲུང་དབྱང་དྲ་འཕྲིན་གཞུང་ལས་ཁང་གི་ཀྲུའུ་རེན་ཀྲོང་རུང་ཝུན་གྱིས་བསྟན་དོན། ཉིན་རེ་བཞིན་ཛ་དྲག་དང་རྙོག་འཛིང་ཅན་དུ་འགྱུར་བའི་དྲ་རྒྱའི་བདེ་འཇགས་གནས་བབ་ལ་གདོང་གཏོད་ཆེད། ང་ཚོས་ངེས་པར་དུ་དྲ་རྒྱའི་བདེ་འཇགས་ལ་ལྟ་བ་ཡང་དག་བཙུགས་ནས་དྲ་རྒྱའི་བདེ་འཇགས་འགན་སྲུང་མ་ལག་དང་ནུས་པ་འཛུགས་སྐྱོང་ལ་སྐུལ་འདེད་ཤུགས་ཆེན་གཏོང་རྒྱུ་དང་། དྲ་རྒྱའི་བདེ་འཇགས་ལས་དོན་གྱི་འགན་འཁྲིའི་ལམ་ལུགས་དོན་འཁྱོལ་ནན་མོ་བྱས་ཏེ་རྒྱལ་ཁབ་ཀྱི་དྲ་རྒྱའི་བདེ་འཇགས་ལ་སྲུང་ཡོལ་བརྟན་པོ་བྱས་ནས་དྲ་རྒྱའི་བདེ་འཇགས་ལས་དོན་གྱི་རྣམ་པ་གསར་པ་གཏོད་དགོས།

 ཤེས་རྟོགས་བྱུང་བར་གཞིགས་ན། རྒྱལ་ཁབ་དྲ་རྒྱའི་བདེ་འཇགས་དྲིལ་བསྒྲགས་གཟའ་འཁོར་དེ2014ལོ་ནས་བཟུང་ལོ་རེར་ཐེངས་རེ་གཉེར་གྱིན་ཡོད་ལ། ད་ལོའི་བརྗོད་དོན་གཙོ་བོ་ནི“དྲ་རྒྱའི་བདེ་འཇགས་ནི་མི་དམངས་ཀྱི་ཆེད་དང་དྲ་རྒྱའི་བདེ་འཇགས་ནི་མི་དམངས་ལ་བརྟེན་དགོས”ཞེས་པ་དེ་རེད། ཐེངས་འདིའི་བྱེད་སྒོ་གཙོ་བོར་མཐོ་རིམ་གླེང་སྟེགས་དང་གྲངས་གཞི་ཅན་གྱི་འགྲེམས་ཚོགས། “དྲ་ཆེན་བུམ་པའི”དྲ་རྒྱའི་བདེ་འཇགས་འགྲན་སློང་འགྲན་བསྡུར་སོགས་ཚུད་ཡོད་ལ། ཉིན་འདི་དག་གི་རིང་ལ་ད་དུང་གློག་འཕྲིན་ཉིན་མོ་དང་། ཁྲིམས་སྐྱོང་ཉིན་མོ་སོགས་བརྗོད་དོན་གཙོ་བོ་ཡིན་པའི་ཉིན་མོའི་བྱེད་སྒོ་རབ་དང་རིམ་པ་སྤེལ་རྒྱུ་རེད།

དེ་མིན།  དྲ་རྒྱའི་བདེ་འཇགས་དྲིལ་བསྒྲགས་གཟའ་འཁོར་རིང་དྲ་རྒྱའི་བདེ་འཇགས་ཁེ་ལས་དང་། སློབ་གྲྭ སྡེ་ཁུལ། གྲོང་གསེབ་སོགས་སུ་བསྐྱོད་པའི་བྱེད་སྒོ་སྤེལ་ཏེ་མི་དམངས་མང་ཚོགས་ཀྱིས་གོ་བདེ་ཞིང་ཤེས་སླ་བ་དང་ལྟ་འདོད་ཅིང་ཉན་སྤྲོ་བའི་རྣམ་པའི་ཐོག་ནས་དྲ་རྒྱའི་བདེ་འཇགས་ཤེས་བྱ་དང་འགོག་སྲུང་ནུས་པ་དྲིལ་བསྒྲགས་བྱ་རྒྱུ་རེད། །

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།