ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས་སུའེ་ཙེར་རྒྱལ་ཕྲན་མཉམ་འབྲེལ་གྱི་ཀྲུའུ་ཞི་སོ་མ་ལུའུ་ཅ་ལ་ཀྲུང་གོ་དང་སུའེ་ཙེར་བར་ཕྱི་འབྲེལ་བཙུགས་ནས་ལོ་ངོ70འཁོར་བར་རྟེན་འབྲེལ་གློག་འཕྲིན་སྤྲིངས་རེས་བྱས་པ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།   སྤེལ་དུས། : 2020-09-15
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཟླ9བའི་ཚེས14ཉིན་ལ་སུའེ་ཙེར་རྒྱལ་ཕྲན་མཉམ་འབྲེལ་གྱི་ཀྲུའུ་ཞི་སོ་མཱ་ལུའུ་ཅ་དང་ཕན་ཚུན་རྟེན་འབྲེལ་ཞུ་བའི་གློག་འཕྲིན་བཏང་སྟེ། རྒྱལ་ཁབ་གཉིས་བར་ཕྱི་འབྲེལ་བཙུགས་ནས་ལོ་ངོ70ལོན་པར་རྟེན་འབྲེལ་ཞུས། 

ཞི་ཅིན་ཕིང་གིས་རྟེན་འབྲེལ་གློག་འཕྲིན་ནང་བསྟན་དོན། སུའེ་ཙེར་ནི་ཀྲུང་གོ་གསར་པ་དང་ཕྱི་ཕྱོགས་འབྲེལ་བ་འཛུགས་སྔ་ཤོས་ཀྱི་ནུབ་ཕྱོགས་རྒྱལ་ཁབ་ཀྱི་གྲས་ཤིག་རེད། ཕྱི་འབྲེལ་བཙུགས་ནས་ལོ་ངོ70རིང་རྒྱལ་ཁབ་གཉིས་པོའི་འབྲེལ་བར་འཕེལ་རྒྱས་ཆེན་པོ་བྱུང་ཞིང་། ཕྱོགས་གཉིས་པོས་ལག་གདང་སྦྲེལ་ནས“འདྲ་མཉམ་དང་། གསར་གཏོད། གཉིས་ཕན”བཅས་ཀྱི་ཀྲུང་གོ་དང་སུའེ་ཙེར་གྱི་མཉམ་ལས་སྙིང་སྟོབས་སྐྱེད་སྲིང་བྱས་ནས་སྤྱི་ཚོགས་ཀྱི་ལམ་ལུགས་མི་འདྲ་བ་དང་། འཕེལ་རྒྱས་ཀྱི་དུས་མཚམས་མི་འདྲ་བ། རྒྱལ་ཁབ་ཆེ་ཆུང་མི་འདྲ་བ་བཅས་ཀྱི་མཛའ་གྲོགས་མཉམ་ལས་ཀྱི་མིག་དཔེར་གྱུར་ཡོད། པྲོག་གསར་གློ་ཚད་རིམས་ནད་འགོག་བཅོས་བྱེད་པའི་བརྒྱུད་རིམ་ནང་ཕྱོགས་གཉིས་པོས་ཕན་ཚུན་རོགས་རམ་བྱས་པས་རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱི་མཛའ་གྲོགས་འབྲེལ་བ་ཇེ་ཟབ་ཏུ་ཕྱིན་ཡོད། ངས་ཀྲུང་གོ་དང་སུའེ་ཙེར་གྱི་འབྲེལ་བ་འཕེལ་རྒྱས་འགྲོ་རྒྱུར་ཚད་མཐོའི་མཐོང་ཆེན་བྱེད་བཞིན་ཡོད་ལ། རྒྱལ་ཕྲན་མཉམ་འབྲེལ་གྱི་ཀྲུའུ་ཞི་སོ་མཱ་ལུའུ་ཅ་དང་མཉམ་དུ་འབད་བརྩོན་བྱས་ཏེ་རྒྱལ་ཁབ་གཉིས་བར་འབྲེལ་བ་བཙུགས་ནས་ལོ་ངོ70ལོན་པའི་གོ་སྐབས་དང་བསྟུན་ནས། ཀྲུང་གོ་དང་སུའེ་ཙེར་གྱི་གསར་གཏོད་འཐབ་ཇུས་དང་རོགས་ཟླའི་འབྲེལ་བ་རྒྱུན་ཆད་མེད་པར་འཕེལ་རྒྱས་སུ་འགྲོ་རྒྱུར་སྐུལ་འདེད་བཏང་ནས་རྒྱལ་ཁབ་གཉིས་པོ་དང་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་བདེ་སྐྱིད་བསྐྲུན་རྒྱུ་དང་། ཀྲུང་གོ་དང་སུའེ་ཙེར་བར་གྱི་མཛའ་མཐུན་ཡུན་རིང་ཡོང་བའི་སྨོན་འདུན་ཞུ་རྒྱུ་ཡིན།

སོ་མཱ་ལུའུ་ཅ་ཡིས་རྟེན་འབྲེལ་གློག་འཕྲིན་ནང་། སུའེ་ཙེར་དང་ཀྲུང་གོའི་བར་འགྲོ་འོང་གི་ལོ་རྒྱུས་ཡུན་རིང་ལྡན་ཡོད། ལོ་ངོ70ཡི་རིང་རྒྱལ་ཁབ་གཉིས་པོས་ཐོག་མཐའ་བར་གསུམ་དུ་སྒོ་དབྱེ་དང་ཕན་ཚུན་བརྩི་འཇོག་གི་རྩ་དོན་མཐའ་འཁྱོངས་བྱས་ཏེ་ཕྱོགས་གཉིས་པོའི་འབྲེལ་བ་འཕེལ་རྒྱས་སུ་བཏང་ཡོད། རྒྱལ་ཁབ་གཉིས་བར་ཡུན་རིང་དམ་ཟབ་དང་མཛའ་མཐུན་གྱི་འབྲེལ་བ་ཡོད་པའི་རྐྱེན་གྱིས་པྲོག་གསར་གློ་ཚད་ཀྱི་རིམས་ནད་གསར་པའི་མདུན་དུའང་སུའེ་ཙེར་དང་ཀྲུང་གོ་ཕྱོགས་གཉིས་པོས་ལག་གདང་མཉམ་སྦྲེལ་བྱས་ནས་དཀའ་གནད་ལས་སྒྲོལ་ཅི་ཐུབ་བྱས་པ་རེད། སུའེ་ཙེར་རྒྱལ་ཕྲན་མཉམ་འབྲེལ་སྲིད་གཞུང་གིས་རྒྱལ་ཁབ་གཉིས་པོས་ཕྱོགས་གཉིས་པོའི་འབྲེལ་བ་སྔར་ལས་ཇེ་ཟབ་དང་ཕན་ཚུན་རོགས་རེས་བྱ་རྒྱུར་སྐུལ་འདེད་གཏོང་འདོད་ཡོད་ཅེས་གསུངས་པ་རེད།

1126491989_16000798778521n.jpg

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།