རྒྱལ་ཡོངས་སྲིད་གྲོས་ཀྱིས་གཟའ་འཁོར་གཉིས་ཀྱི་གྲོས་མོལ་བཞུགས་མོལ་ཚོགས་འདུ་བསྡུས་ནས་ཚན་རྩལ་གསར་གཏོད་རྣམ་པའི་ཁེ་ལས་འཕེལ་རྒྱས་ཐད་གནས་པའི་དཀའ་ཁག་དང་གྲོས་གཞི་ལ་དམིགས་ནས་གྲོས་མོལ་སྲིད་གླེང་བྱས།

20200912001131krL2.jpg

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་གཟའ་འཁོར་གཉིས་ཀྱི་གྲོས་མོལ་བཞུགས་མོལ་ཚོགས་འདུ་ཐེངས་བཞི་བཅུ་པ་ཚེས་བཅུ་གཅིག་ཉིན་པེ་ཅིང་ནས་ཚོགས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་དབྱང་གིས་ཚོགས་འདུར་འགོ་འཛིན་མཛད། ཁོང་གིས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསར་གཏོད་ཀྱིས་འཕེལ་རྒྱས་ལ་སྐུལ་ཁྲིད་བྱེད་པའི་རྒྱས་བཤད་གལ་ཆེན་སློབ་སྦྱོང་བྱས་ཏེ་དེར་གོ་བ་ཟབ་མོ་བླངས་ནས། ཚན་རྩལ་གསར་གཏོད་རྣམ་པའི་ཁེ་ལས་ལ་འཕྲད་པའི་དཀའ་ཁག་ལ་རྩོད་སྒྲུབ་ཀྱིས་ལྟ་བ་དང་། ངེས་ཤུགས་དང་ཡིད་ཆེས་བརྟན་པོ་བཅངས་པ། གནད་དོན་ཁྲིད་ཕྱོགས་སུ་འཛིན་པ། སྒྲིག་སྲོལ་རྐྱེན་སྲོལ་གྱི་བཅོས་སྒྱུར་ཟབ་སྤེལ་བྱེད་པ། གསར་གཏོད་ཀྱི་སྲིད་ཇུས་དང་བྱེད་ཐབས་འཐུས་ཚང་དུ་གཏོང་བ། གསར་གཏོད་རིག་གནས་སྐྱེད་སྲིང་བྱེད་པ་བཅས་བྱས་ཏེ། ཚན་རྩལ་གསར་གཏོད་རྣམ་པའི་ཁེ་ལས་བདེ་ཐང་ངང་འཕེལ་རྒྱས་སུ་འགྲོ་བ་དང་ཡུན་རིང་གཏན་འཇགས་ཡོང་བར་སྐུལ་འདེད་གཏོང་དགོས་ཟེར།

ཨུ་ཡོན་བཅུ་གཅིག་གིས་ཚན་རྩལ་གསར་གཏོད་རྣམ་པའི་ཁེ་ལས་ཀྱི་ལག་རྩལ་ཞིབ་བཟོ་དང་མ་དངུལ་འགན་སྲུང་། སྲིད་ཇུས་རྒྱབ་སྐྱོར། འཇོན་མིའི་རྒྱབ་རྟེན་སོགས་ལ་དམིགས་ནས་བློ་འདོན་ཇུས་འབུལ་བྱས། ཨུ་ཡོན་སོ་ལྔ་ཡིས་རྒྱལ་ཡོངས་སྲིད་གྲོས་ཨུ་ཡོན་གྱི་སྤོ་སྒུལ་འགན་སྒྲུབ་ལས་སྟེགས་སྟེང་བསམ་འཆར་བཏོན། ཚང་མས་བལྟས་ན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་ལ། ཀྲུང་གུང་ཀྲུང་དབྱང་གིས་ཚན་རྩལ་གསར་གཏོད་དེ་རྒྱལ་ཁབ་འཕེལ་རྒྱས་ཀྱི་ཁྱོན་ཡོངས་ཀྱི་སྲོག་ཤིང་གོ་གནས་སུ་བཞག་པས། ཚན་རྩལ་གསར་གཏོད་རྣམ་པའི་ཁེ་ལས་ཀྱི་འཕེལ་རྒྱས་ཁོར་ཡུག་དང་སྲིད་ཇུས་མ་ལག་ཉིན་རེ་བཞིན་འཐུས་ཚང་དུ་སོང་བ་དང་། ཁེ་ལས་ཀྱི་གསར་གཏོད་གསར་བཟོའི་གསོན་ཤུགས་རྒྱུན་མ་ཆད་པར་ཇེ་དྲག་ཏུ་སོང་ནས། འཕེལ་རྒྱས་ཀྱི་མདུན་ལྗོངས་ཧ་ཅང་རྒྱ་ཆེ། དེ་དང་མཉམ་དུ་ཚན་རྩལ་གསར་གཏོད་རྣམ་པའི་ཁེ་ལས་ལ་ཁྲོམ་རར་ཞུགས་པའི་ཚད་གཞི་མཐོ་བ་དང་། གྲུབ་འབྲས་བསྒྱུར་སྤོར་བྱེད་དཀའ་བ། དངུལ་བསྡུའི་ལམ་དོག་པ། འཇོན་མིའི་ཞབས་ཞུ་དམིགས་ཐོག་ཏུ་འབྱོར་མེད་པ་སོགས་ཀྱི་གནད་དོན་ཡོད་པས། ཞིབ་འཇུག་ཟབ་མོ་དང་ཐག་གཅོད་ནན་མོ་བྱེད་དགོས་པར་འདོད།

ཨུ་ཡོན་རྣམས་ཀྱིས་ཁེ་ལས་ཀྱིས་ལག་རྩལ་གསར་གཏོད་ཁྲོད་དུ་གཙོ་གཞིའི་ནུས་པ་འདོན་པ་དང་སྲིད་གཞུང་གི་ནུས་པ་སྔར་ལས་བཟང་པོར་བཏོན་ནས། གསར་གཏོད་ཐོན་ཁུངས་དག་ཚན་རྩལ་གསར་གཏོད་རྣམ་པའི་ཁེ་ལས་སུ་འདུ་འཛོམས་བྱེད་པར་སྐུལ་འདེད་གཏོང་བ་དང་། སྲོག་ཤིང་ལག་རྩལ་གྱི་ཐད་ནས་རྒྱུན་མ་ཆད་པར་ཐོད་བརྒལ་གསར་པ་མངོན་འགྱུར་བྱས་ཏེ། ཐོན་ལས་འབྲེལ་ཐག་དང་མཁོ་འདོན་འབྲེལ་ཐག་གི་ཕན་འབྲས་དང་བདེ་འཇགས་ལ་ཁག་ཐེག་བྱེད་རྒྱུ་སོགས་ཀྱི་གྲོས་གཞི་བཏོན།

རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཝན་ཀང་གིས་བརྗོད་གཞིའི་གཏམ་བཤད་སྤེལ། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ལུའུ་ཀྲན་གུང་དང་ཁྲིན་ཞའོ་ཀོང་། ལིས་པེན་བཅས་ཚོགས་འདུར་ཞུགས། རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་ཀྲང་ཏའོ་ཧུང་དང་སུང་ཞིན། ཧུའུ་ཀང་། ཀྲང་ཅན། ཝུའུ་དབྱི་ཧོན། ཧྲིན་ནན་ཕིན། ཀུའུ་ཞང་ལིན། ཙིན་ཧྲུའུ་ཆུན། ཧྥིན་དབྱི་ཏུང་། ཚའོ་ཀྲི་ཨན། ལིའུ་ཁྲང་ཅུན་བཅས་ཀྱིས་ཚོགས་འདུའི་སྟེང་གཏམ་བཤད། ཚན་རྩལ་པུའུ་ཡི་འགན་ཁུར་བས་འབྲེལ་ཡོད་གནས་ཚུལ་མཚམས་སྦྱོར་བྱས། རྒྱལ་ཁབ་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་དང་བཟོ་ལས་ཆ་འཕྲིན་ཅན་པུའུ། ནོར་སྲིད་པུའུ་བཅས་ཀྱི་འགན་ཁུར་བས་ཕན་ཚུན་བརྗེ་རེས་གཏམ་བཤད་སྤེལ།  །

རྩོམ་སྒྲིག་པ། བདེ་ལེགས་མཚོ།

དཔྱད་མཆན 0 ཡོད།