ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་དང་ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་གྱིས་འཛམ་གླིང་གི་ཧྥ་ཞི་སིར་རྒོལ་བའི་འཐབ་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་ངོ་དོན་ལྔ་འགོར་བའི་ཐད་ནས་ཕན་ཚུན་རྟེན་འབྲེལ་ཞུ་བའི་གློག་འཕྲིན་བཏང་།

ཡོང་ཁུངས། : ཀྲུང་དབྱང་བརྙན་འཕྲིན་དྲ་བ།     སྤེལ་དུས། : 2020-09-05
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚེས་གསུམ་ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་དང་ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་གྱིས་ཕན་ཚུན་བར་རྟེན་འབྲེལ་ཞུ་བའི་གློག་འཕྲིན་བཏང་སྟེ། འཛམ་གླིང་གི་ཧྥ་ཞི་སིར་རྒོལ་བའི་འཐབ་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་ངོ་དོན་ལྔ་འཁོར་བར་རྟེན་འབྲེལ་ཞུས། 

ཞི་ཅིན་ཕིང་གིས་རྟེན་འབྲེལ་ཞུ་བའི་གློག་འཕྲིན་ནང་བསྟན་དོན། ལོ་ངོ་དོན་ལྔའི་ཡར་སྔོན་དུ། ཀྲུང་གོའི་མི་དམངས་འཇར་འགོག་དམག་འཁྲུག་དང་སུའུ་ལེན་གྱི་འཇར་རྒོལ་འཐབ་འཁྲུག་ལ་རྒྱལ་ཁ་ཐོབ་ནས། འཛམ་གླིང་གི་ཧྥ་ཞི་སིར་རྒོལ་བའི་འཐབ་འཁྲུག་ལ་མཇུག་མཐའི་རྒྱལ་ཁ་ཐོབ་པ་རེད། ཨེ་ཤ་ཡཱ་དང་ཡོ་རོབ་གླིང་། ཨ་ཧྥེ་རི་ཁ་གླིང་། རྒྱ་མཚོ་ཆེན་མོའི་གླིང་བཅས་ལ་ཁྱབ་པའི་འཐབ་འཁྲུག་དེའི་ཁྲོད། རྒྱལ་ཁབ་སོ་སོའི་དམག་དཔུང་དང་མང་ཚོགས་དུང་ཕྱུར་གཅིག་ལྷག་ལ་ཤི་རྨས་ཐེབས་ཏེ། མིའི་རིགས་ཀྱི་ལོ་རྒྱུས་སྟེང་ཆེས་ཡ་ང་བའི་སྣང་ཚུལ་ཞིག་རེད། ཀྲུང་གོ་དང་ཨུ་རུ་སི་ནི་སོ་སོར་ཨེ་ཤ་ཡཱ་དང་ཡོ་རོབ་གླིང་གི་གཡུལ་ས་གཙོ་བོ་ཡིན་པའི་ཆ་ནས། འཛམ་གླིང་གི་ཧྥ་ཞི་སིར་རྒོལ་བའི་འཐབ་འཁྲུག་གི་རྒྱལ་ཁའི་ཆེད་དུ་མི་རིགས་ལ་ཕམ་ཉེས་ཆེན་པོ་བྱུང་ཡོད་ལ། དེའི་ཐད་བསུབས་ཐབས་མེད་པའི་ལོ་རྒྱུས་བྱས་རྗེས་བཞག་ཡོད། རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱིས་དཔུང་བ་མཉམ་གཤིབ་ཀྱིས་འཐབ་འཁྲུག་བྱས་པ་དང་། དམར་པོ་ཁྲག་གིས་རླབས་ཆེན་མཛའ་བཤེས་སྲ་བརྟན་ཆགས་པར་བྱས་ཏེ། རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་འཕེལ་རྒྱས་ཐད་རྨང་གཞི་བརྟན་པོ་བཏིང་ཡོད་ཅེས་གསུངས། 

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཀྲུང་གོ་དང་ཨུ་རུ་སི་ནི་མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་རྒྱུན་ལས་ལས་འཛིན་རྒྱལ་ཁབ་ཡིན་པའི་ཆ་ནས། འཛམ་གླིང་གི་ཞི་བདེ་དང་འཕེལ་རྒྱས་ལས་དོན་ཐད་འགན་འཁྲི་གཙོ་བོ་ཁུར་དུ་བླངས་ཡོད། བདག་གིས་མུ་མཐུད་དུ་ཁྱོད་དང་མཉམ་དུ་འབད་བརྩོན་བྱས་ཤིང་། འཛམ་གླིང་གི་ཧྥ་ཞི་སིར་རྒོལ་བའི་འཐབ་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་ངོ་དོན་ལྔ་འགོར་བར་རྗེས་དྲན་བྱེད་པ་གོ་སྐབས་སུ་བྱས་ཏེ། ཀྲུང་གོ་དང་ཨུ་རུ་སི་རྒྱལ་ཁབ་གཉིས་ཀྱི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ལས་ལ་སྣེ་ཁྲིད་བྱེད་པ་དང་། རྒྱལ་སྤྱིའི་སྤྱི་ཚོགས་དང་མཉམ་དུ། འཛམ་གླིང་འཁྲུག་ཆེན་གཉིས་པའི་རྒྱལ་ཁའི་གྲུབ་འབྲས་དང་རྒྱལ་སྤྱིའི་དྲང་བདེན་འདྲ་མཉམ་ལ་སྲུང་སྐྱོབ་བྱེད་པ། ཕྱོགས་མང་རིང་ལུགས་ལ་སྲུང་སྐྱོབ་དང་ལག་བསྟར་བྱེད་པ། མིའི་རིགས་ཀྱི་ལས་སྐལ་ཐུན་མོང་ཚོགས་པ་འཛུགས་པར་སྐུལ་འདེད་བཏང་སྟེ། བུ་རབས་ཚ་རྒྱུད་དག་གིས་ཡུན་རིང་ཞི་བདེ་དང་ཡོངས་ཁྱབ་བདེ་འཇགས། ཐུན་མོང་དར་རྒྱས་བཅས་ལྡན་པའི་འཛམ་གླིང་ཞིག་ལོངས་སུ་སྤྱོད་དུ་འཇུག་འདོད་ཡོད་ཅེས་གསུངས། 

ཕུའུ་ཅིན་གྱིས་རྟེན་འབྲེལ་ཞུ་བའི་གློག་འཕྲིན་ལས་བསྟན་དོན། འཛམ་གླིང་འཁྲུག་ཆེན་གཉིས་པ་ནི་མིའི་རིགས་ཀྱི་ལོ་རྒྱུས་སྟེང་ཡ་ང་བའི་སྐྱོ་གར་ཞིག་ཡིན། སུའུ་ལེན་དང་ཀྲུང་གོ་ནི་ཧྥ་ཞི་སི་རིང་ལུགས་དང་དམག་རྒྱལ་རིང་ལུགས་ལ་འགོག་རྒོལ་བྱེད་པའི་གཡུལ་ས་གཙོ་བོ་ཡིན་པ་དང་། བཙན་འཛུལ་མཁན་ལས་རྣམ་པར་རྒྱལ་བའི་ཐད་བྱས་རྗེས་ཆེན་པོ་བཞག་ཡོད། དཀའ་སྡུག་ཆེ་བའི་འཐབ་འཁྲུག་དེའི་ཁྲོད་ང་ཚོ་རྒྱལ་ཁབ་གཉིས་དང་རྒྱལ་ཁབ་གཉིས་ཀྱི་མི་དམངས་བར་འཐབ་འཛིང་གི་མཛའ་བཤེས་ཟབ་མོ་ཆགས་ཡོད། ད་ལྟ་ཕན་ཚུན་རོགས་འདེགས་ཀྱི་སྙིང་སྟོབས་དེ་མུ་མཐུད་དུ་དར་སྤེལ་བཏང་ནས། ཨུ་རུ་སི་དང་ཀྲུང་གོའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་གྲོགས་ལས་འབྲེལ་བར་འཕེལ་རྒྱས་ཆེན་པོ་འབྱུང་བར་སྐུལ་འདེད་ཀྱི་ནུས་པ་ཐོན་ཡོད། འཛམ་གླིང་འཁྲུག་ཆེན་གཉིས་པའི་ལོ་རྒྱུས་དོན་དངོས་ལ་སྲུང་སྐྱོབ་བྱེད་པ་ནི་ང་ཚོའི་ཐུན་མོང་གི་འགན་འཁྲི་ཡིན་ལ། ལོ་རྒྱུས་འཁྱོག་བརྗོད་དང་ནཱ་ཚོས་ཉེས་ཅན་དང་དམག་རྒྱལ་རིང་ལུགས་ཀྱི་ཉེས་ཅན། དེ་མིན་དེའི་ངན་འབྲེལ་གྲོགས་པོ་བཅས་ཀྱི་བྱ་སྤྱོད་ཡག་བསྒྱུར་བྱེད་པའི་སྣང་ཚུལ་གང་རུང་གཏན་འགོག་བྱེད་དགོས་པ་དང་། འཛམ་གླིང་འཁྲུག་ཆེན་གཉིས་པའི་གྲུབ་འབྲས་ལ་བསྙོན་འཛུགས་གཏན་ནས་བྱེད་མི་རུང་། ཨུ་རུ་སིའི་ཕྱོགས་ཀྱིས་མུ་མཐུད་དུ་མཛའ་མཐུན་གྱི་ཀྲུང་གོ་དང་མཉམ་དུ་འབད་བརྩོན་བྱས་ཏེ། འཐབ་འཁྲུག་དང་འཁྲུག་རྩོད་ལ་སྔོན་འགོག་བྱས་ཏེ་འཛམ་གླིང་ཡོངས་ཀྱི་གཏན་འཇགས་དང་བདེ་འཇགས་ལ་སྲུང་སྐྱོབ་བྱེད་འདོད་ཡོད་ཟེར། །

རྩོམ་སྒྲིག་པ། : བདེ་ལེགས་མཚོ།