ཀྲུང་གོ་བོད་ཀྱི་དྲ་བ།

ལོ་རེའི་ཟླ་དང་པོའི་ཚེས10ཉིན་ནི་ཀྲུང་གོ་མི་དམངས་ཉེན་རྟོག་པའི་དུས་ཆེན་དུ་གཏན་འཁེལ་བྱས་པ།

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།     སྤེལ་དུས། : 2020-08-28
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཉེ་ཆར་གསར་འགོད་པས་སྤྱི་བདེ་པུའུ་ནས་ཤེས་རྟོགས་བྱུང་བ་ལྟར་ན། ཏང་ཀྲུང་དབྱང་གིས་ཆོག་མཆན་བཀོད་པ་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་མཆན་བཀོད་བཀའ་ལན་གནང་བ་བརྒྱུད་དེ། 2021ལོ་ནས་བཟུང་ལོ་རེའི་ཟླ་དང་པོའི་ཚེས10ཉིན་ནི“ཀྲུང་གོ་མི་དམངས་ཉེན་རྟོག་པའི་དུས་ཆེན”དུ་གཏན་འཁེལ་བྱས་པ་རེད། དེ་ནི་རྒྱལ་ཁབ་རིམ་པས་ཆེད་དུ་མི་དམངས་ཉེན་རྟོག་པའི་དཔུང་སྡེར་བཙུགས་པའི་དུས་ཆེན་ཞིག་ཡིན་ལ། མི་དམངས་ཉེན་རྟོག་པའི་དཔུང་སྡེས་ཏང་དང་མི་དམངས་ཀྱི་ཁེ་ཕན་ཆེད་དུ་དཔའ་ངར་ཆེན་པོས་འབད་འཐབ་བྱས་པར་ཁས་ལེན་གང་ལེགས་བྱས་པ་རེད།

མི་དམངས་ཉེན་རྟོག་པའི་དཔུང་སྡེ་ནི་གཟི་བརྗིད་ལྡན་པའི་སྲོལ་རྒྱུན་དང་སྤྱོད་ཚུལ་བཟང་པོ་ལྡན་པའི་དཔུང་སྡེ་ཞིག་ཡིན་ལ། ཞི་བདེའི་དུས་རབས་ནང་རང་སྲོག་བློས་བཏང་བ་ཆེས་མང་ཞིང་གསོལ་འབུལ་ཆེས་མང་བའི་དཔུང་སྡེ་ཞིག་ཀྱང་རེད། ཀྲུང་གོ་གསར་པ་དབུ་བརྙེས་པའི་ཚུན་དུ། རྒྱལ་ཡོངས་སྤྱི་བདེ་ལས་ཁུངས་ཀྱི་མི་དམངས་ཉེན་རྟོག་པའི་དཔུང་སྡེ་ཁོ་ནར་མི་དམངས་ཉེན་རྟོག་པ་ཁྲི1.4ལྷག་གིས་ཞུམ་པ་མེད་པར་རང་སྲོག་བློས་བཏང་བ་དང་། མི་དམངས་ཉེན་རྟོག་པ་ཁྲི10ལྷག་ལ་རྨས་སྐྱོན་ཕོག་ཞིང་། མི་དམངས་ཉེན་རྟོག་པ3700ལྷག་སྔོན་གཤེགས་དཔའ་བོར་བདམས་ཐོན་བྱུང་བ་རེད།ད་ལོའི་ལོ་སྟོད་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་དང་བདེ་འཇགས་བརྟན་ལྷིང་སྲུང་སྐྱོང་བྱེད་པའི་ལས་དོན་ཁྲོད། སྤྱི་བདེ་མི་དམངས་ཉེན་རྟོག་པ169ཡིས་རང་སྲོག་བློས་བཏང་བ་རེད།

རྒྱལ་སྲིད་སྤྱི་ཁྱབ་ཁང་གིས“ཀྲུང་གོ་མི་དམངས་ཉེན་རྟོག་པའི་དུས་ཆེན”ནི་སྤྱི་བདེ་པུའུ་ཡིས་འབྲེལ་ཡོད་སྡེ་ཁག་དང་གྲོས་མོལ་བྱས་ཏེ་ལག་བསྟར་བྱེད་དགོས་པའི་མཆན་འགོད་བཀའ་ལན་གནང་བ་རེད། །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།