ཀྲུང་གོ་བོད་ཀྱི་དྲ་བ།

ལིས་ཁི་ཆང་གིས་ཁྲོང་ཆིན་དུ་རྟོག་ཞིབ་མཛད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-08-24
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1.jpg

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཉེ་སྔོན་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཁྲོང་ཆིན་དུ་རྟོག་ཞིབ་མཛད། 

ཉེ་སྔོན་འབྲི་ཆུ་དང་ཅཱ་ལིན་གཙང་བོའི་ཁྲོང་ཆིན་བར་མཚམས་སུ་ལོ་རྒྱུས་སྟེང་བྱུང་མྱོང་མེད་པའི་ཆུ་ལོག་གི་གནོད་འཚེ་ཚབས་ཆེན་བྱུང་། ལིས་ཁི་ཆང་ཁྲོང་ཆིན་དུ་བསླེབ་མ་ཐག་མྱུར་མོར་གནོད་ཐེབས་ས་ཁུལ་དུ་སོང་སྟེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཆུ་ལོག་གནོད་འཚེ་སྔོན་འགོག་དང་གནོད་ཐེབས་རྗེས་ཀྱི་བསྐྱར་འཛུགས་བྱ་བའི་སྐོར་གྱི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་ལེན་དངོས་འབེབ་བྱེད་པ་དང་། ཉེན་སེལ་རྒུད་སྐྱོབ་དང་ཐོན་སྐྱེད་སླར་གསོའི་བྱ་བ་བཟང་བོར་བསྒྲུབ་དགོས་པ་ནན་གྱིས་བསྟན། ཁོང་ཧྲོང་པེ་སྡེ་བའི་ཆུ་ལོག་གིས་བསྣུབས་པའི་སྡེ་མིའི་ཁྱིམ་དུ་སོང་ནས་གནོད་ཐེབས་གནས་ཚུལ་ལ་རྟོག་ཞིབ་མཛད་པ་དང་། གཅིག་བསྡུས་བཀོད་སྒྲིག་བྱེད་སར་སོང་ནས་གནོད་ཐེབས་མང་ཚོགས་ཀྱི་འཚོ་བར་རྒྱུས་ལོན་མཛད། ཆུས་ཁུར་བའི་ཞིང་ས་དང་དྲོད་ཁང་བའི་གནས་སུ་ཐོན་སྐྱེད་སླར་གསོ་བྱེད་པར་དཀའ་ཁག་ཅི་ཞིག་ཡོད་པ་གསལ་བོར་དྲིས་པ་དང་། ས་གནས་ཀྱི་འགན་ཁུར་བློ་མཐུན་དག་གིས་རྒྱབ་སྐྱོར་ཤུགས་ཚད་ཇེ་ཆེར་གཏོང་དགོས་པའི་རེ་བ་བཏོན། ཁོང་གིས་ཚང་མས་མཉམ་དུ་འབད་བརྩོན་བྱས་ནས་དཀའ་ཁག་ལས་སྒྲོལ་དགོས་ལ། ཏང་དང་སྲིད་གཞུང་གིས་ཁྱོད་ཚོར་རོགས་རམ་བྱས་ནས་ཁྱིམ་གཞིས་སླར་གསོ་བྱེད་ངེས་ཡིན་ཞེས་གསུངས། ཁོང་གིས་ད་རུང་ཁྲོང་ཆིན་གྲོང་ཁྱེར་གྱི་ཆུ་མཛོད་དང་ཆུས་བསྣུབས་པའི་ས་བབ་དམའ་སའི་མཁར་ཁུལ་ལ་རྟོག་ཞིབ་མཛད་པ་དང་། སྲིད་ཇུས་ཞིབ་འཇུག་དང་གནོད་ཐེབས་ས་ཁུལ་དུ་ཐད་ཀར་བསླེབ་པའི་རྐྱེན་སྲོལ་བཙུགས་ཏེ། ས་གནས་ཀྱིས་ཆུས་གཏོར་བརླག་ཐེབས་པའི་བཟོ་སྐྲུན་གྱི་སླར་གསོ་དང་ཆུ་ལོག་སྔོན་འགོག་སོགས་གྲོང་ཁྱེར་གྱི་རྨང་གཞིའི་སྒྲིག་ཆས་ཀྱི་འཛུགས་སྐྲུན་ལ་རྒྱབ་སྐྱོར་བྱེད་དགོས་པའི་རེ་བ་བཏོན། 

ལིས་ཁི་ཆང་ཚི་ཆི་ཁུག་ཚོང་ལས་ཁུལ་གྱི་ཚོང་ཁང་མང་བོར་ཕེབས་ཏེ་རིམས་ནད་དང་ཆུ་ལོག་གི་གནོད་འཚེའི་གྱོང་གུད་དང་། འཛད་སྤྱོད་དང་གནས་སྐོར་སླར་གསོའི་གནས་ཚུལ་ལ་རྟོག་ཞིབ་མཛད། ཁོང་གིས་གསུང་དོན། ཞབས་ཞུའི་ལས་རིགས་ཕྱོགས་ཡོངས་ནས་སླར་གསོ་བྱས་ཏེ་འཛད་སྤྱོད་རྒྱ་བསྐྱེད་པ་དེ་དཔལ་འབྱོར་སླར་གསོའི་རང་བཞིན་གྱི་འཕར་སྣོན་སྲ་བརྟན་དུ་གཏོང་བར་གལ་འགངས་ཧ་ཅང་ཆེ། རྒྱུན་རྣམ་ཅན་གྱི་རིམས་འགོག་བྱ་བ་བཟང་བོར་བསྒྲུབ་པའི་གནས་ཚུལ་འོག སྲིད་ཇུས་ཀྱི་རོགས་སྐྱོར་ནུས་པ་འདོན་སྤེལ་བྱེད་པ་དང་། ཁེ་ལས་དག་དཀའ་ཁག་ལས་སྒྲོལ་བར་རོགས་རམ་བྱས་ཏེ། གནས་སྐོར་སོགས་ཞབས་ཞུའི་ལས་རིགས་རྒྱུན་ལྡན་ངང་ལས་གཉེར་བྱས་ནས་འཛད་སྤྱོད་ཀྱི་སྦས་ཤུགས་ཕྱིར་མངོན་པར་སྐུལ་འདེད་གཏོང་དགོས་ཞེས་གསུངས། 

ལིས་ཁི་ཆང་ཀྲུའུ་པཱ་ཅེ་དྲ་རྒྱ་ཀུང་ཟིར་ཕེབས་ནས། ཁོ་ཚོས་སྟེགས་བུ་གསར་བསྐྲུན་བྱས་ཤིང་ཆེད་ལས་མི་སྣ་གཅིག་འདུས་ཀྱི་ཞབས་ཞུའི་ཁེ་ལས་བཙུགས་ཏེ་ལས་ཞུགས་ལ་སྐུལ་ཁྲིད་བྱས་པར་ཁས་ལེན་གང་ལེགས་མཛད། ཁྲང་ཨན་རླངས་འཁོར་ཀུང་ཟི་ནས་ཁེ་ལས་ཀྱི་འགན་ཁུར་བས་རིས་ནད་སོགས་ཀྱི་ཤུགས་རྐྱེན་ཁྱད་བསལ་གྱིས་རླངས་འཁོར་ཕྱིར་འཚོང་ཐད་ནས་གྲུབ་འབྲས་བླངས་པའི་གནས་ཚུལ་མཚམས་སྦྱོར་བྱས་པ་དང་། ལིས་ཁི་ཆང་གིས་ཁོ་ཚོས་འཛད་སྤྱོད་ལ་སྐུལ་ཁྲིད་ཐུབ་པའི་ཐོན་རྫས་སྔར་ལས་མང་བོ་གསར་སྤེལ་བྱེད་དགོས་པའི་སྐུལ་མ་བཏང་། ལིས་ཁི་ཆང་ད་རུང་ཁྲོང་ཆིན་ཅིང་ཏུང་ཧྥང་ཀུང་ཟིར་ཕེབས་ནས་གསར་གཏོད་གནས་ཚུལ་ལ་རྒྱུས་ལོན་མཛད་པ་དང་། ནུབ་བརྒྱུད་ས་ཁུལ་དུ་བར་སྟོང་ཆེ་བའི་ཁྱད་སྟོབས་འདོན་སྤེལ་བྱེད་པ་དང་ཐོན་ལས་སྤོ་བསྒྱུར་ལ་འགན་ལེན་གང་ལེགས་བྱེད་པ། ཐོན་ལས་མུ་འབྲེལ་གྱི་མཐོ་རིམ་འཕར་སྣོན་བྱས་ཏེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་པའི་སྐུལ་མ་བཏང་། 

ཁེ་ལས་ལ་རྟོག་ཞིབ་མཛད་སྐབས་ལིས་ཁི་ཆང་གིས་གསུང་དོན། ཉེ་བའི་ཟླ་ངོ་འགའི་ཆེ་མཐོང་དཔལ་འབྱོར་གྱི་འཁོར་སྐྱོད་ལ་བལྟས་ན། གཏན་འཇགས་དྲུག་གི་བྱ་བ་བཟང་བོར་བསྒྲུབས་པ་དང་འགན་སྲུང་དྲུག་གི་ལས་འགན་སྲིད་ཇུས་དངོས་འབེབ་བྱེད་པར་གྲུབ་འབྲས་བཟང་བོ་ཐོབ་ཡོད། ད་ལོར་དུང་ཕྱུར་བརྒལ་བའི་ཚོང་ར་གཙོ་བོར་འགན་སྲུང་བྱས་ཏེ། གསར་བྱུང་གི་མཁར་གྲོང་ལས་ཞུགས་ས་ཡ་དགུའི་ཡན་གྱི་ལས་འགན་ཡོངས་འགྲུབ་བྱེད་དགོས་པ་དང་། ལོ་ཧྲིལ་བོའི་དཔལ་འབྱོར་ལས་འཕར་སྣོན་མངོན་འགྱུར་ཐུབ་ལ། མུ་མཐུད་དུ་འབད་བརྩོན་བྱས་ནས་འཕེལ་རྒྱས་ཁྲོད་གཏན་འཇགས་མིན་པའི་རྒྱུ་རྐྱེན་དག་སེལ་ཅི་ཐུབ་བྱེད་དགོས་ཞེས་གསུངས། 

སྲིད་དོན་ཚོམས་ཆེན་ནས་ཁྲོང་ཆིན་གྱིས་དབང་གཏོང་དང་དོ་དམ། ཞབས་ཞུ་བཅས་བཅོས་བསྒྱུར་གཏིང་ཟབ་བྱས་པའི་གནས་ཚུལ་སྙན་ཞུ་བྱས། ལས་དོན་བསྒྲུབ་པའི་ཁེ་ལས་ཆུང་བའི་མི་སྣས་ཙུང་ལི་ལ་བཤད་རྒྱུར། ད་ལོར་དཔྱ་ཁྲལ་ཇེ་ཉུང་དུ་གཏོང་བའི་ཤུགས་ཚད་སྔོན་དཔག་ལས་བརྒལ་བས་ཁེ་ལས་དག་འཚོ་སྡོད་ཐུབ་པ་བྱུང་ཡོད་ཟེར། ལིས་ཁི་ཆང་གིས་དཔྱ་ཁྲལ་ཇེ་ཉུང་དུ་གཏོང་དགོས་པར་མ་ཟད། ཚད་གཞི་སྔར་ལས་ཆེ་དམའ་རུ་བཏང་ནས་ཚོང་ར་གཙོ་བོའི་གསོན་ཤུགས་སྐུལ་སྤེལ་བྱེད་དགོས་ཞེས་གསུངས། 

ལིས་ཁི་ཆང་གིས་ཁྲོང་ཆིན་གྲོང་ཁྱེར་གྱིས་ཉེ་བའི་ལོ་འགའི་རིང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཐད་ནས་བླངས་པའི་གྲུབ་འབྲས་དང་རིམས་འགོག་དང་ཆུ་ལོག་སྔོན་འགོག་བྱ་བར་ཁས་ལེན་གང་ལེགས་མཛད་པ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་དགོངས་པ་མཛུབ་སྟོན་དུ་བྱེད་པ་རྒྱུན་འཁྱོངས་བྱས་ཤིང་། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་གཞིར་བཟུང་སྟེ། གསར་འབྱེད་ཡར་བརྩོན་བྱས་ནས་ནུབ་བརྒྱུད་བཅོས་བསྒྱུར་གསར་སྤེལ་གྱི་མདུན་གྲལ་དུ་ཞུགས་ནས། ཁྲོང་ཆིན་འཕེལ་རྒྱས་ཀྱི་ལེའུ་གསར་བ་འབྲི་དགོས་པའི་རེ་བ་བཏོན། 

ཞའོ་ཅེ་ཡིས་མཉམ་དུ་རྟོག་ཞིབ་བྱས།  །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།