ཀྲུང་གོ་བོད་ཀྱི་དྲ་བ།

ལིས་ཁི་ཆང་གིས2020ལོའི་ཀྲུང་གོའི་སྨན་པའི་དུས་ཆེན་ལ་མཆན་བཀོད་མཛུབ་སྟོན་གལ་ཆེན་གནངས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-08-20
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ད་ལོའི་ཟླ་བརྒྱད་པའི་ཚེས་བཅུ་དགུ་ཉིན་ནི་ཀྲུང་གོའི་སྨན་པའི་དུས་ཆེན་ཐེངས་གསུམ་པ་རེད། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་མཆན་བཀོད་མཛུབ་སྟོན་གལ་ཆེན་གནངས།

མཆན་བཀོད་མཛུབ་སྟོན་ལས་བསྟན་དོན། པྲོག་གསར་གློ་ཚད་རིམས་ནད་བྱུང་བའི་ཚུན་ལ། རྒྱ་ཆེའི་སྨན་བཅོས་བྱ་བ་བྱེད་མཁན་དག་གིས་རང་དོན་བསྐྱུར་ནས་ཁག་ཁུར་ལྗིད་མོ་ཁུར་དུ་བླངས་པ་དང་། རང་ནུས་ཅི་ཡོད་ཀྱིས་རིམས་ནད་འགོག་སྲུང་ནང་ཞུགས་པ་དང་གང་ནུས་ཀྱིས་ནད་པའི་སྲོག་བསྐྱབས་ནས། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་བདེ་འཇགས་དང་ལུས་ཕུང་བདེ་ཐང་ལ་སྲུང་སྐྱོབ་བྱེད་པའི་ཐད་འབུར་དུ་ཐོན་པའི་བྱས་རྗེས་གལ་ཆེན་བཞག་ཡོད། ཀྲུང་གོའི་སྨན་པའི་དུས་ཆེན་ཐོན་པའི་སྐབས་སུ། རྒྱལ་ཡོངས་ཀྱི་སྨན་བཅོས་མི་སྣ་ཡོངས་ལ་བླ་ན་མེད་པའི་གུས་འདུད་ཞུས་པ་ཡིན། ས་ཁུལ་སོ་སོ་དང་འབྲེལ་ཡོད་སྡེ་ཁག་སོ་སོས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་བྱེད་པ་རྒྱུན་འཁྱོངས་བྱས་ཤིང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ད་ལོའི་སྨན་པའི་དུས་ཆེན་ཐད་ཀྱི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ནན་ཏན་གྱིས་ལག་ལེན་མཐར་ཕྱིན་བྱེད་པ་དང་། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་དངོས་འབེབས་བྱས་ཏེ། སྔར་ལས་ལྷག་པའི་སྒོ་ནས་རིམས་འགོག་དང་དཔལ་འབྱོར་སྤྱི་ཚོགས་ཀྱི་འཕེལ་རྒྱས་བྱ་བར་གཅིག་གྱུར་བཀོད་འདོམ་བྱེད་དགོས། མི་དམངས་གཙོར་འཛིན་པ་རྒྱུན་འཁྱོངས་སྒོས་འཕྲོད་བསྟེན་བདེ་ཐང་ལས་དོན་གྱི་བཅོས་བསྒྱུར་འཕེལ་རྒྱས་ལ་སྔར་ལས་སྐུལ་འདེད་གཏོང་བ་དང་། སྨན་བཅོས་མི་སྣའི་དཔུང་སྡེའི་འཛུགས་སྐྲུན་ལ་སྔར་ལས་ཤུགས་སྣོན་བྱས་ནས། སྤྱི་ཚོགས་ཧྲིལ་བོས་སྨན་པར་བརྩི་འཇོག་དང་འཕྲོད་བསྟེན་གཙིགས་སུ་འཛིན་པའི་སྣང་ཚུལ་བཟང་བོ་བསྐྲུན་དགོས། རྒྱ་ཆེའི་སྨན་བཅོས་མི་སྣས་སྲོལ་རྒྱུན་བཟང་བོ་རྒྱུན་འཁྱོངས་དང་སྤོབས་པ་ཆེན་པོས་གསོ་རིག་གི་ཡང་རྩེར་བསྙེག་པ་དང་། རྒྱུན་ཆད་མེད་པར་གསོ་རིག་ལག་རྩལ་གྱི་ཆུ་ཚད་དང་ཞབས་ཞུའི་སྤུས་ཚད་ཇེ་མཐོར་བཏང་སྟེ། བདེ་ཐང་ཀྲུང་གོ་འཛུགས་སྐྲུན་བྱེད་པ་དང་སྔར་ལས་ལྷག་པའི་སྒོ་ནས་མི་དམངས་ཀྱི་བདེ་ཐང་ལ་སྲུང་སྐྱོབ་དང་འགན་སྲུང་བྱེད་པའི་ཐད་བྱས་རྗེས་གསར་བ་འཇོག་དགོས་ཞེས་གསུངས། 

ཉིས་སྟོང་ཉི་ཤུ་ལོའི་ཀྲུང་གོའི་སྨན་པའི་དུས་ཆེན་ལ་རྟེན་འབྲེལ་ཞུ་བའི་བཞུགས་མོལ་ཚོགས་འདུ་ཚེས་བཅུ་དགུ་ཉིན་གྱི་སྔ་དྲོར་མི་དམངས་ཚོགས་ཁང་ཆེན་མོའི་ནང་སྤེལ་བ་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའི་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་སུང་ཁྲོན་ལན་གྲོས་ཚོགས་ལ་ཞུགས་ནས་གཏམ་བཤད།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།