ཀྲུང་གོ་བོད་ཀྱི་དྲ་བ།

ཝང་དབྱེ་ཡིས་ཁུན་ནེ་ཡཱའི་ཕྱི་འབྲེལ་བློན་ཆེན་ཨོ་མཱ་མའོ་ལ་ཁ་པར་བཏང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-08-19
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  རྒྱལ་སྲིད་ཨུ་ཡོན་དང་ཕྱི་འབྲེལ་པུའུ་ཀྲང་གི་འགན་གཅིག་ལྕོགས་སུ་ཁུར་མཁན་ཝང་དབྱེ་ཡིས་ཁུན་ནེ་ཡཱའི་ཕྱི་འབྲེལ་བློན་ཆེན་ཨོ་མཱ་མའོ་ལ་ཁ་པར་བཏང་། 

ཝང་དབྱེ་ཡིས་བསྟན་དོན། ཁུན་ནེ་ཡཱ་ནི་ཀྲུང་གོའི་ཨ་ཧྥེ་རི་ཁ་གླིང་གི་འཐབ་ཇུས་གྲོགས་པོ་ཡིན་ཞིང་། ཕན་ཚུན་བཟོད་སྒོམ་དང་ཕན་ཚུན་ཡིད་ཆེས། ཕན་ཚུན་རྒྱབ་སྐྱོར་བཅས་བྱེད་པ་ནི་ཀྲུང་གོ་དང་ཁུན་ནེ་ཡཱའི་འབྲེལ་བའི་ཁྱད་ཆོས་གཙོ་བོ་ཡིན། རྒྱལ་ཁབ་གཉིས་ཀྱི་མགོ་གཙོའི་སྣེ་ཁྲིད་འོག ཀྲུང་གོ་དང་ཁུན་ནེ་ཡཱའི་དངོས་གཉེར་མཉམ་ལས་དེ་ཀྲུང་གོ་དང་ཨ་ཧྥེ་རི་ཁ་གླིང་གི་མཉམ་ལས་ཀྱི་མདུན་གྲལ་དུ་བཞག་ཡོད། ཀྲུང་གོའི་ཕྱོགས་ཀྱིས་ཁུན་ནེ་ཡཱ་ཡིས་ཐེ་ཝན་དང་ཞང་ཀང་སོགས་ལ་འབྲེལ་བའི་ཀྲུང་གོའི་ཁེ་ཕན་གཙོ་བོ་དང་གནད་དོན་གལ་ཆེན་ཐད་ནས་རྒྱབ་སྐྱོར་གང་ལེགས་བྱས་པར་གཟེངས་བསྟོད་བྱེད་བཞིན་ཡོད། ང་ཚོས་ཀྱང་ཁུན་ནེ་ཡཱ་ཡིས་རྒྱལ་སྤྱི་དང་ས་ཁུལ་གྱི་ལས་དོན་ཁྲོད་ནུས་པ་སྔར་ལས་ཆེན་པོ་འདོན་པར་རྒྱབ་སྐྱོར་བྱེད་བཞིན་ཡོད་ལ། ཁུན་ནེ་ཡཱའི་བར་གྱི་མཐུན་སྦྱོར་དང་གཞོགས་འདེགས་ལ་ཤུགས་སྣོན་པ་དང་། མཉམ་དུ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྒྲིག་ཡིག་གི་རྩ་དོན་ལ་སྲུང་སྐྱོབ་དང་ཕྱོགས་མང་རིང་ལུགས་ཀྱི་འདུ་ཤེས་དར་སྤེལ་བྱེད་པ། ཕྱོགས་གཅིག་གི་བཙན་དབང་དྲག་སྤྱོད་ལ་ངོ་རྒོལ་བྱས་ཏེ། འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་ཁེ་ཕན་དང་རྒྱལ་སྤྱིའི་འདྲ་མཉམ་དྲང་བདེན་ལ་སྲུང་སྐྱོབ་བྱེད་འདོད་ཡོད་ཟེར། 

ཨོ་མཱ་མའོ་ཡིས་བསྟན་དོན། ཁུན་ནེ་ཡཱ་ཕྱོགས་ཀྱིས་ཀྲུང་གོས་པྲོག་གསར་གློ་ཚད་རིམས་ནད་ལ་འགོག་རྒོལ་བྱེད་པ་དང་རྒྱལ་ཁབ་འཕེལ་རྒྱས་མངོན་འགྱུར་བྱེད་པར་རྒྱབ་སྐྱོར་ཆེན་པོ་བྱས་པར་བཀའ་དྲིན་ཞུ་བཞིན་ཡོད། ཀྲུང་གོ་ནི་ནམ་རྒྱུན་ཨ་ཧྥེ་རི་ཁ་གླིང་གི་ཆབ་སྲིད་དང་ཉོ་ཚོང་། འཕེལ་རྒྱས་བཅས་ཀྱི་གྲོགས་པོ་གཙོ་བོ་ཡིན། ཁུན་ནེ་ཡཱའི་ཕྱོགས་ཀྱིས་ཀྲུང་གོ་གཅིག་གི་རྩ་དོན་ལ་མཐའ་གཅིག་ཏུ་རྒྱབ་སྐྱོར་དང་ཀྲུང་གོའི་རང་སྟེང་གི་བདག་དབང་ལ་སྲུང་སྐྱོབ་བྱེད་པར་རྒྱབ་སྐྱོར་བྱེད་རྒྱུ་ཡིན་ལ། ཀྲུང་གོའི་ཕྱོགས་དང་མཉམ་དུ་འབད་བརྩོན་བྱས་ཏེ་ཕྱོགས་མང་རིང་ལུགས་ཀྱི་སྲོག་ཤིང་རིན་ཐང་ལ་སྲུང་སྐྱོབ་བྱེད་འདོད་ཡོད་ཟེར། 

ཕྱོགས་གཉིས་ཀྱིས་ད་རུང་མཉམ་འབྲེལ་རྒྱལ་ཚོགས་དང་འཛམ་གླིང་ཉོ་ཚོང་རྩ་འཛུགས་སོགས་ཀྱི་གནད་དོན་ཐད་ནས་བསམ་འཆར་བརྗེ་རེས་བྱས། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།