ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས་རྒྱལ་ཡོངས་གཞོན་ནུ་མཉམ་འབྲེལ་ལྷན་ཚོགས་སྐབས་བཅུ་གསུམ་པའི་ཨུ་ཡོན་ཚང་འཛོམས་གྲོས་ཚོགས་དང་རྒྱལ་ཡོངས་སློབ་མའི་མཉམ་འབྲེལ་ལྷན་ཚོགས་ཀྱི་ཚོགས་ཆེན་ཐེངས་ཉེར་བདུན་པར་གནང་བའི་འཕྲིན་ཡིག

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཚེ་མཁར་རྒྱལ་གྱིས་བསྒྱུར།   སྤེལ་དུས། : 2020-08-18
ཡིག་གཟུགས། :ཆུང་། འབྲིང་། ཆེ།

 ཀྲུང་ཧྭ་རྒྱལ་ཡོངས་གཞོན་ནུ་མཉམ་འབྲེལ་ལྷན་ཚོགས་སྐབས་བཅུ་གསུམ་པའི་ཨུ་ཡོན་ཚང་འཛོམས་གྲོས་ཚོགས་དང་ཀྲུང་ཧྭ་རྒྱལ་ཡོངས་སློབ་མའི་མཉམ་འབྲེལ་ལྷན་ཚོགས་ཀྱི་འཐུས་མིའི་ཚོགས་ཆེན་ཐེངས་ཉེར་བདུན་པ་འགོ་ཚུགས་པའི་སྐབས་འདིར། ངས་ཏང་ཀྲུང་དབྱང་གི་ཚབ་ཞུས་ནས་ཚོགས་ཆེན་འཚོགས་པར་སྤྲོ་སེམས་འཁོལ་བའི་ངང་ནས་རྟེན་འབྲེལ་ཞུ་རྒྱུ་དང་། རྒྱལ་ཡོངས་ཀྱི་མི་རིགས་སོ་སོ་དང་ལས་རིགས་སོ་སོའི་གཞོན་ནུ་དང་ན་གཞོན་སློབ་མ། ཕྱི་རྒྱལ་དུ་ཡོད་པའི་ཀྲུང་ཧྭའི་གཞོན་ནུ་ཚོར་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་ཞུས་པ་ཡིན།

ལོ་ལྔའི་རིང་ལ། ཏང་གི་འགོ་ཁྲིད་འོག་དང་གུང་གཞོན་ཚོགས་པའི་རོགས་རམ་དང་མཛུབ་སྟོན་འོག རིམ་པ་སོ་སོའི་གཞོན་ནུ་མཉམ་འབྲེལ་ལྷན་ཚོགས་དང་སློབ་མའི་མཉམ་འབྲེལ་ལྷན་ཚོགས་ཀྱིས་བློ་རྩ་བརྟན་པོས་བསྒྱུར་བཅོས་དང་། ཡར་རྒྱས་བརྩོན་ལེན་བྱས་ཏེ།  རྒྱ་ཆེའི་གཞོན་ནུ་དང་ན་གཞོན་སློབ་མར་མཐུན་སྒྲིལ་བྱས་ནས་འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་འཛུགས་སྐྲུན་ལེགས་གྲུབ་བྱེད་པའི་བརྒྱུད་རིམ་ཁྲོད་བློ་གྲོས་དང་སྟོབས་ཤུགས་སྐྱེས་སུ་འབུལ་བ་དང་། ལང་ཚོའི་ཉམས་འགྱུར་མངོན་པར་བྱས་ནས། ཏང་གི་ན་གཞོན་བྱ་བ་བཟང་བོར་སྒྲུབ་པར་ནུས་པ་གལ་ཆེན་བཏོན་ཡོད་པ་རེད།

ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་སོ་སོའི་མི་དམངས་ཀྱིས་མཐུན་སྒྲིལ་འབད་འཐབ་བྱས་པ་བརྒྱུད། ང་ཚོས་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་པའི་རླབས་ཆེན་གྱི་རྒྱལ་ཁ་ལེན་གྲབས་ཡོད་པ་དང་། ལོ་བརྒྱ་གཉིས་པའི་འབད་འཐབ་དམིགས་ཚད་མངོན་འགྱུར་བྱེད་པའི་རྒྱང་སྐྱོད་ལམ་བུ་གསར་པ་ཐོག་བསྐྱོད་པ་རེད། རང་རྒྱལ་གྱི་རྒྱ་ཆེའི་གཞོན་ནུ་ཚོས་ཕུགས་བསམ་དང་དད་སེམས་ཇེ་བརྟན་དུ་གཏོང་བ་དང་བླ་ན་མེད་པའི་གཤིས་རྒྱུད་སྐྱེད་སྲིང་བྱེད་དགོས། ཉམས་སད་ཐེག་ཐུབ་པའི་ནུས་རྩལ་སྦྱོང་བ་དང་། གསར་སྐྲུན་བྱེད་ཕོད་པ། དཀའ་སྤྱད་འབད་འཐབ་བྱེད་པ། མི་དམངས་དུང་ཕྱུར་མང་པོ་དང་མཉམ་དུ་བློ་སྟོབས་ཆེན་པོས་འབད་འཐབ་བྱེད་པའི་ཁྲོད་དུ་དུས་རབས་གསར་པའི་ལང་ཚོའི་ང་རོ་སྒྲོག་དགོས།

གཞོན་ནུ་མཉམ་འབྲེལ་ལྷན་ཚོགས་དང་སློབ་མའི་མཉམ་འབྲེལ་ལྷན་ཚོགས་ཀྱི་ལས་དོན་ནི་ཏང་གི་གཞོན་ནུའི་ལས་དོན་གྱི་གྲུབ་ཆ་གལ་ཆེན་ཞིག་ཡིན། རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གིས་གཞོན་ནུའི་ལས་ཀར་འགོ་ཁྲིད་བྱེད་ཤུགས་ཆེ་རུ་བཏང་སྟེ། གཞོན་ནུ་མཉམ་འབྲེལ་ལྷན་ཚོགས་དང་སློབ་མའི་མཉམ་འབྲེལ་ལྷན་ཚོགས་ཀྱི་ལས་ཀར་སེམས་ཁུར་དང་རྒྱབ་སྐྱོར་བྱས་ནས་རྒྱ་ཆེའི་གཞོན་ནུ་དང་ན་གཞོན་སློབ་མ་རྣམས་ཀྱི་འཇོན་ཐང་ཆེ་རུ་འགྲོ་བ་དང་འཇོན་ཐང་འདོན་པར་མཐུན་རྐྱེན་བཟང་པོ་བསྐྲུན་དགོས། གཞོན་ནུ་མཉམ་འབྲེལ་ལྷན་ཚོགས་དང་སློབ་མའི་མཉམ་འབྲེལ་ལྷན་ཚོགས་རྩ་འཛུགས་ཀྱིས་དུས་རབས་ཀྱི་གོམ་སྟབས་དང་བསྟུན་དགོས། གཞོན་ནུའི་ལས་ཀའི་ཁྱད་ཆོས་དང་ཆོས་ཉིད་ཁོང་དུ་ཆུད་པ་དང་། བསྒྱུར་བཅོས་གསར་གཏོད་ཟབ་སྤེལ། རྒྱ་ཆེའི་གཞོན་ནུ་དང་ན་གཞོན་སློབ་མ་སྒྲིག་འཛུགས་དང་སྐུལ་སློང་བྱས་ཏེ་བློ་བརྟན་འགྱུར་མེད་ངང་ཏང་གི་རྗེས་སུ་འབྲངས་ནས་དུས་རབས་གསར་པར་འབད་འཐབ་བྱས་ཏེ། ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་ཆེད་བྱས་རྗེས་གསར་པ་འབུལ་དགོས། །

ཞི་ཅིན་ཕིང་། 

2020ལོའི་ཟླ8པའི་ཚེས17ཉིན།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།