ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་གོ་ཞིང་བཟོ་དམངས་གཙོ་ཏང་དབུ་བརྙེས་ནས་ལོ90འཁོར་བའི་དྲན་གསོའི་ཚོགས་ཆེན་པེ་ཅིང་དུ་འཚོགས་པ།

ཡོང་ཁུངས། : མི་དམངས་དྲ་བ།     སྤེལ་དུས། : 2020-08-11
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁ་ངགི་གློག་འཕྲིན་ལྟར། ཚེས9ཉིན། ཀྲུང་གོ་ཞིང་བཟོ་དམངས་གཙོ་ཏང་དབུ་བརྙེས་ནས་ལོ90འཁོར་བའི་དྲན་གསོའི་ཚོགས་ཆེན་པེ་ཅིང་དུ་འཚོགས་པ་རེད། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་སུན་ཁྲུན་ལན་ཚོགས་ཆེན་ལ་ཕེབས་པ་དང་འབྲེལ་ཀྲུང་གུང་ཀྲུང་དབྱང་གི་ཚབ་ཞུས་ནས་ཤིས་ཚིག་ཀྱང་གསུངས་པ་རེད།

ཤིས་ཚིག་ནང་གསུངས་དོན། ཞིང་བཟོ་དམངས་གཙོ་ཏང་དབུ་བརྙེས་ནས་ལོ90རིང་། ཟིལ་རླབས་དགུང་འཕྱུར་གྱི་འོད་སྟོང་འཕྲོ་བའི་ལོ་ཟླ་བརྒྱུད། རྒྱལ་གཅེས་དང་། གསར་བརྗེ། ལེགས་སྐྱེས་འབུལ་བ་བཅས་ཀྱི་ཕུལ་བྱུང་སྲོལ་རྒྱུན་ཆགས་ཡོད། ཞིང་བཟོ་དམངས་གཙོ་ཏང་མི་མི་རབས་མང་པོས་ཀྲུང་གོ་གུང་ཁྲན་ཏང་དང་དཔུང་པ་མཉམ་གཤིབ་ཀྱིས་འབད་འཐབ་དང་མཉམ་དུ་མདུན་སྐྱོད་བྱས་ནས། རང་རྒྱལ་གྱི་གསར་བརྗེ་དང་། འཛུགས་སྐྲུན། སྒྱུར་བཅོས་བཅས་ཀྱི་རླབས་ཆེའི་འཕེལ་རིམ་ནང་ལེགས་སྐྱེས་གལ་ཆེན་ཕུལ་ཡོད། དུས་རབས་གསར་པར་སླེབས་སྐབས། ཞིང་བཟོ་དམངས་གཙོ་ཏང་གིས་ཐོག་མཐའ་བར་གསུམ་དུ་བསམ་བློ་དང་། ཆབ་སྲིད། བྱ་སྤྱོད་བཅས་ཀྱི་ཐད་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཀྲུང་གུང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་ཡོང་བ་བྱས་ཏེ། རང་ངོས་འཛུགས་སྐྱོང་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་དང་། ཐབས་དང་ཇུས་འདོན་པ། སྤྱི་ཚོགས་ལ་ཞབས་འདེགས་ཞུ་བ་དང་དམངས་འཚོར་རོགས་སྐྱོར་བཅས་བྱས་པ་དང་། ལྷག་དོན་དུ་ཏོག་གསར་གློ་ཚད་རིམས་ནད་ལ་འགོག་རྒོལ་བྱེད་རིང་། སྨན་བཅོས་འཕྲོད་བསྟེན་ཁྱབ་ཁོངས་ཀྱི་ཤེས་ལྡན་མི་སྣའི་ལེགས་ཆ་གང་ལེགས་བཏོན་ནས། ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་ལ་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་གནས་ཚུལ་ཆེད་དོན་སྙན་སེང་ཞུ་བ་དང་། རྒྱ་ཆེའི་ཞིང་བཟོ་དམངས་གཙོ་ཏང་གི་སྨན་དོན་མི་སྣ་རིམས་འགོག་འཐབ་ས་དང་པོར་ཧུར་ཐག་ཞུགས་ཏེ། བྱ་སྤྱོད་ངོ་མའི་ཐོག་ནས་བརྩེ་སེམས་ཆེན་པོའི་སྙིང་སྟོབས་དང་རྒྱལ་ཁབ་ལ་བཅངས་པའི་བརྩེ་སེམས་མངོན་པར་བྱས་ཡོད།

ཤིས་ཚིག་ནང་བསྟན་དོན། ཀྲུང་གོ་གུང་ཁྲན་ཏང་གིས་འགོ་ཁྲིད་གནང་བའི་ཏང་མང་མཉམ་ལས་དང་ཆབ་སྲིད་གྲོས་མོལ་ལམ་ལུགས་དེ་རང་རྒྱལ་གྱི་གཞི་རྩའི་ཆབ་སྲིད་ལམ་ལུགས་ཤིག་ཡིན་པའི་ངོས་ནས། རང་རྒྱལ་སྤྱི་ཚོགས་རིང་ལུགས་ཀྱི་དམངས་གཙོ་ཆབ་སྲིད་ལ་ལྡན་པའི་དམིགས་བསལ་གྱི་རྣམ་པ་དང་དམིགས་བསལ་གྱི་ལེགས་ཆ་ཞིག་རེད། ཀྲུང་གུང་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཀྲུང་གུང་ཀྲུང་དབྱང་གིས་དམངས་གཙོ་ཏང་ཤོག་ཁག་དང་ཏང་ཤོག་གང་ལའང་མི་གཏོགས་པའི་མི་སྣ་དང་མཐུན་སྒྲིལ་མཉམ་ལས་བྱེད་ཤུགས་ཆེ་རུ་གཏོང་རྒྱུར་ཚད་མཐོའི་མཐོང་ཆེན་བྱས་ནས། ཀྲུང་གོ་གུང་ཁྲན་ཏང་གིས་འགོ་ཁྲིད་གནང་བའི་ཏང་མང་མཉམ་ལས་དང་ཆབ་སྲིད་གྲོས་མོལ་ལམ་ལུགས་མཐའ་འཁྱོངས་དང་། འཐུས་ཚང་། འཕེལ་རྒྱས་བཅས་ཡག་པོ་གཏོང་རྒྱུར་ཐབས་ཇུས་བཀོད་སྒྲིག་གལ་ཆེན་རབ་དང་རིམ་པ་གནང་བས། རྒྱལ་ཁབ་ཀྱི་ཆབ་སྲིད་འཚོ་བའི་ནང་ཏང་མང་མཉམ་ལས་ལམ་ལུགས་ཀྱིས་ནུས་པ་དེ་བས་གལ་འགངས་ཆེ་བ་འདོན་སྤེལ་བྱེད་བཞིན་ཡོད།

ཤིས་ཚིག་ནང་གསུངས་དོན། དེང་གི་འཛམ་གླིང་ལ་ལོ་བརྒྱ་བྱུང་མ་མྱོང་བའི་འགྱུར་ལྡོག་ཆེན་པོ་འགྲོ་བཞིན་ཡོད་ཅིང་། རང་རྒྱལ་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་ཡོང་བའི་འགག་རྩའི་དུས་སྐབས་སུ་གནས་ཡོད་པ་དང་། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པར་རྒྱལ་ཁ་ཐོབ་ཉེར་ཡོད། ཞིང་བཟོ་དམངས་གཙོ་ཏང་གིས་སྔར་རྒྱུན་བཞིན་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་མཐོན་པར་བསྒྲེང་རྒྱུ་མཐའ་འཁྱོངས་བྱེད་པ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་ནན་ཏན་བྱེད་པ། “མཉམ་ལས་ཀྱི་ཐོག་མའི་བསམ་འདུན་མ་བརྗེད་པར་མུ་མཐུད་ལག་གདང་སྦྲེལ་ནས་མདུན་དུ་སྐྱོད་པའི”བརྗོད་དོན་གཙོ་བོའི་སློབ་གསོའི་བྱེད་སྒོའི་གྲུབ་འབྲས་སྲ་བརྟན་དང་གཏིང་ཟབ་ཏུ་གཏོང་བ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་སྲིད་ཞུགས་ཏང་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ། ཀྲུང་གོ་གུང་ཁྲན་ཏང་གི་ཇུས་འདོན་པ་ཡག་པོ་དང་། རོགས་པ་ཡག་པོ། ལས་རོགས་ཡག་པོ་བྱེད་པ་བཅས་བྱས་ཏེ། དུས་རབས་གསར་པར་ཞིང་བཟོ་དམངས་གཙོ་ཏང་གིས་སྲིད་ཞུགས་དང་རྒྱལ་ཁབ་ལ་དྲིན་ལན་འཇལ་བ་དང་དམངས་ཆེད་འགན་འཁྲི་ཡག་པོ་འཁུར་བའི་ལེའུ་གསར་པ་རྩོམ་རྒྱུའི་རེ་བ་ཡོད།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།