རང་རྒྱལ་གྱིས་མ་མཐའི་འཚོ་བ་འགན་ལེན་གྱི་ཁྱབ་རྒྱ་འོས་འཚམ་ཆེ་རུ་གཏོང་རྒྱུ་ཡིན་པ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། གསར་འགོད་པས་དམངས་སྲིད་པུའུ་ནས་ཤེས་རྟོགས་བྱུང་བར། ཉེ་ཆར་དམངས་སྲིད་པུའུ་དང་ནོར་སྲིད་པུས《དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་གཞི་རྩའི་འཚོ་བ་འགན་ལེན་ལས་དོན་སྔར་བས་ཡག་པོ་བསྒྲུབ་རྒྱུའི་སྐོར་གྱི་བརྡ་ཐོ》(གཤམ་དུ《བརྡ་ཐོ》ཞེས་བསྡུ་རྒྱུ)མཉམ་འབྲེལ་ཐོག་བཀྲམ་ནས་མ་མཐའི་འཚོ་བ་འགན་ལེན་གྱི་ཁྱབ་རྒྱ་འོས་འཚམ་ཆེ་རུ་གཏོང་བ་དང་། ཐེངས་གཅིག་རང་བཞིན་གྱི་གནས་སྐབས་རོགས་དངུལ་སྤྲོད་པ། དམིགས་བསལ་དཀའ་ངལ་ཡོད་པའི་མིའི་དབྱེ་འབྱེད་ཆ་རྐྱེན་འོས་འཚམ་ངང་ལྷུག་ཏུ་གཏོང་བ། མི་འབོར་དབུལ་པོའི་མཐིལ་རྟོགས་གྲལ་བཤེར་དང་ཐ་སྐྱོང་འགན་ལེན་ལ་ཤུགས་སྣོན་རྒྱག་པ། སྤྱི་ཚོགས་རོགས་སྐྱོབ་ཀྱི་ཞིབ་མཆན་འགོད་པའི་བརྒྱུད་རིམ་ལེགས་སུ་གཏོང་བ་སོགས་ཐད་ཀྱི་སྲིད་ཇུས་དང་བྱེད་ཐབས་གཙོ་གནད་ཐོག་ཁ་གསལ་བཟོས་པ་རེད།

《བརྡ་ཐོའི》ནང་། ད་ཡོད་ཀྱི་ཚད་གཞི་རྒྱུན་འཁྱོངས་དང་མ་མཐའི་འཚོ་བ་འགན་ལེན་ལམ་ལུགས་རྒྱུན་མཐུད་དང་བརྟན་པོའི་ངང་འཁོར་སྐྱོད་ཐུབ་པའི་འགན་ལེན་ཏན་ཏིག་བྱེད་པའི་རྨང་གཞིའི་ཐོག “རྒྱ་བསྐྱེད”འོས་འཚམ་བྱས་ཤིང་། ཡོང་འབབ་ཉུང་བའི་ཁྱིམ་ཚང་ཁྲོད་ཀྱི་དབང་པོ་སྐྱོན་ཅན་ཚབས་ཆེན་དང་ནད་གཞི་ཚབས་ཆེན་ཕོག་པ་སོགས་དམིགས་བསལ་དཀའ་ངལ་ཡོད་པའི་མི་སྣ་རང་ཉིད་ཀྱིས་རེ་ཞུ་བྱས་པ་བརྒྱུད། “མི་གཅིག་གི་དུད་ཚང”དཔྱད་གཞིར་བཟུང་ནས་མ་མཐའི་འཚོ་བ་འགན་ལེན་ནང་འཇུག་དགོས་པ་ཁ་གསལ་བཏོན་ཡོད། 《བརྡ་ཐོའི》ནང་། ཡོང་འབབ་ཉུང་བའི་ཁྱིམ་ཚང་ནི་ཁྱིམ་ཚང་གི་མི་རེའི་ཆ་སྙོམས་ཡོང་འབབ་ས་གནས་དེ་གའི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་མ་མཐའི་འཚོ་བ་འགན་ལེན་གྱི་ཚད་གཞི་ལས་མཐོ་བ་ཡོད་ཀྱང་མ་མཐའི་འཚོ་བ་འགན་ལེན་གྱི་ཚད་གཞི་ལས་ལྡབ1.5ཡིས་དམའ་བ་དང་ད་དུང་རྒྱུ་ནོར་དེ་ས་གནས་ཀྱི་འབྲེལ་ཡོད་གཏན་འབེབས་དང་མཐུན་པའི་མ་མཐའི་འཚོ་བ་འགན་ལེན་གྱི་མཐའ་ལུས་ཁྱིམ་ཚང་ལ་ཟེར་བ་ཁ་གསལ་བཏོན་ཡོད།

《བརྡ་ཐོའི》ནང་། རིམས་ནད་ཀྱི་ཤུགས་རྐྱེན་ཕོག་ནས་ལས་གནས་སླར་གསོ་བྱེད་ཐབས་བྲལ་བ་དང་། བསྟུད་མར་ཟླ་བ་གསུམ་རིང་ངལ་རྩོལ་ཡོང་འབབ་མེད་པ། འཚོ་བར་དཀའ་ངལ་ཡོད་པ་མ་ཟད་ལས་ཤོར་འགན་བཅོལ་སྲིད་ཇུས་ཁྱབ་ཐབས་བྲལ་བའི་ཞིང་པ་ལས་མི་སོགས་འགན་བཅོལ་ནང་ཞུགས་མེད་པའི་ལས་ཤོར་མི་སྣ་མ་མཐའི་འཚོ་བ་འགན་ལེན་བྱེད་ཁོངས་སུ་ཚུད་མེད་ན། རང་ཉིད་ཀྱིས་རེ་འདུན་བྱས་པ་བརྒྱུད། ལས་ཡུལ་ལམ་ཡང་ན་རྒྱུན་སྡོད་བྱ་ཡུལ་གྱིས་ཐེངས་གཅིག་རང་བཞིན་གྱི་གནས་སྐབས་རོགས་དངུལ་སྤྲད་དེ་འཚོ་བའི་དཀའ་གནད་ལས་སྒྲོལ་རོགས་བྱེད་དགོས། གཞི་རྩའི་འཚོ་བར་རིམས་ནད་ཀྱི་ཤུགས་རྐྱེན་ཕོག་ནས་དཀའ་གནད་དུ་ལྷུངས་རིགས་དང་འབྲེལ་ཡོད་སྤྱི་ཚོགས་རོགས་སྐྱོབ་དང་འགན་ལེན་ལམ་ལུགས་ཁྱིམ་ཚང་ངམ་ཡང་ན་མི་སྒེར་ལ་གནས་སྐབས་ཁྱབ་ཐབས་བྲལ་རིགས་དུས་ཐོག་ཏུ་རོགས་སྐྱོབ་ཁྱབ་ཁོངས་ནང་འཇུག་དགོས་པ་དང་། འཚོ་བར་དཀའ་ངལ་ཆེན་པོ་འཕྲད་རིགས་ལ་དོན་རེར་གྲོས་རེའི་རྣམ་པའི་ཐོག་ནས་རོགས་སྐྱོབ་དངུལ་གྲངས་མཐོ་རུ་གཏོང་དགོས། ཤང་དང་གྲོང་རྡལ་གྱི་གནས་སྐབས་རོགས་སྐྱོབ་གྲབས་སྤྱོད་དངུལ་གྱི་ལམ་ལུགས་ཕྱོགས་ཡོངས་ནས་བཙུགས་ཏེ“རོགས་སྐྱོབ་སྔོན་བསྟར”ཧུར་ཐག་བྱེད་དགོས་པའི་བླང་བྱ་བཏོན་ཡོད།

《བརྡ་ཐོའི》ནང་ད་དུང་དམིགས་བསལ་དཀའ་ངལ་ཡོད་པའི་མི་སྣར་གཏན་འཁེལ་བྱེད་པའི་ཆ་རྐྱེན་འོས་འཚམ་ངང་ལྷུག་ཏུ་བཏང་ཞིང་། དམིགས་བསལ་དཀའ་ངལ་ཡོད་པའི་མི་སྣའི་རོགས་སྐྱོབ་བསྙེན་བཀུར་ཁྱབ་པའི་ན་སོ་དར་ལ་མ་བབས་པའི་མིའི་ལོ་ཚད་ལོ16ནས་ལོ18བར་ལྷུག་ཏུ་བཏང་ནས“མེད་པ་གསུམ”གྱི་ཆ་རྐྱེན་དང་མཐུན་པའི་ལོ16ནས18བར་གྱི་ན་སོ་དར་ལ་མ་བབས་པའི་མི་ཚང་མ་དམིགས་བསལ་དཀའ་ངལ་ཡོད་པའི་མི་སྣའི་རོགས་སྐྱོབ་བསྙེན་བཀུར་བྱེད་ཁོངས་སུ་འཇུག་རྒྱུ་ཡིན་པ་ཁ་གསལ་བཏོན་ཡོད།

ཤེས་རྟོགས་བྱུང་བར་གཞིགས་ན། ཟླ6པའི་ཟླ་མཇུག་བར། རྒྱལ་ཡོངས་ཀྱིས་མ་མཐའི་འཚོ་བ་འགན་ལེན་བྱ་ཡུལ་དང་དམིགས་བསལ་དཀའ་ངལ་ཡོད་པའི་མི་ཁྲི339.6འཕར་ནས་དཀའ་ངལ་ཡོད་པའི་མང་ཚོགས་ལ་གནས་སྐབས་ཁ་གསབ་དངུལ་སྒོར་དུང་ཕྱུར146.2སྤྲད་པ་རེད། སྲིད་ཇུས་བྱེད་ཐབས་དོན་ཐོག་ཏུ་འཁྱོལ་བའི་འགན་ལེན་བྱས་ནས་རྒྱ་ཆེའི་དཀའ་ངལ་ཡོད་པའི་མང་ཚོགས་ལ་ཕན་པ་དངོས་ཐོབ་ཆེད། ཀྲུང་དབྱང་ནོར་སྲིད་ཀྱིས་གསར་དུ་འཕར་བའི་ནོར་སྲིད་ཆད་གྲངས་དང་རིམས་འགོག་གི་དམིགས་བསལ་རྒྱལ་བུན་ཁྲོད་ནས་ཆེད་མངགས་སྒོར་དུང་ཕྱུར105བཏོན་ཏེ་ས་གནས་ཀྱིས་མ་མཐའི་འཚོ་བ་འགན་ལེན་དང་གནས་སྐབས་རོགས་སྐྱོབ་ཀྱི“ཁྱབ་རྒྱ་ཆེར་གཏོང”གི་ལས་དོན་ཡག་པོ་བསྒྲུབ་རྒྱུར་རྒྱབ་སྐྱོར་བྱས་ཡོད།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།