ཀྲུང་གོ་བོད་ཀྱི་དྲ་བ།

ད་ལོའི་ཚུན་དུ་ཞིང་འཕྲུལ་ཉོ་སྒྲུབ་ཀྱི་ཁ་གསབ་སྲིད་ཇུས་ལས་ཞིང་ཁྱིམ་ཁྲི121ལ་ཕན་པ་ཐོབ་པ།

ཡོང་ཁུངས། : མི་དམངས་དྲ་བ།     སྤེལ་དུས། : 2020-08-03
ཡིག་གཟུགས། :ཆུང་། འབྲིང་། ཆེ།

● རྒྱལ་ཡོངས་སུ་ཀྲུང་དབྱང་ནོར་སྲིད་ཀྱི་ཞིང་འཕྲུལ་ཉོ་སྒྲུབ་ཁ་གསབ་མ་དངུལ་སྒོར་དུང་ཕྱུར་114.8སྤྲད་པ། ཞིང་དུད་ཁྲི་121ལ་ཞིང་ལས་འཕྲུལ་ཆས་སྣ་ཚོགས་ཁྲི་141ཁ་གསབ་ཉོ་སྒྲུབ་ལ་རྒྱབ་སྐྱོར་བྱས་པ།

● ཁ་གསབ་ཉོ་སྒྲུབ་བྱས་པའི་ཞིང་ལས་འཕྲུལ་ཆས་སྣ་ཚོགས་ཁྲོད་འདྲུད་འཐེན་འཕྲུལ་འཁོར་ཁྲི་19.57དང་། ས་ཞིང་འདེབས་པ་དང་ས་ཁོད་སྙོམས་པའི་འཕྲུལ་ཆས་ཁྲི་48.43 སོན་འདེབས་འཕྲུལ་འཁོར་ཁྲི་8.72 ཆུ་འབྲས་འདེབས་འཛུགས་འཕྲུལ་ཆས་ཁྲི་4.73 ལོ་ཏོག་བརྔ་བསྡུ་འཕྲུལ་ཆས་ཁྲི་3.39བཅས་ཡོད་པ་དང་། སྔ་སྨིན་འབྲས་དང་གྲོ་སོགས་འབྲུ་རིགས་འཕྲུལ་ཆས་ཅན་ལ་བརྟེན་ནས་ཐོན་སྐྱེད་བྱ་རྒྱུར་སྐུལ་འདེད་ནུས་ལྡན་བཏང་ཡོད།

● ལོ་སྟོད་དུ་རྒྱལ་ཡོངས་སུ་ཇ་ལོ་དང་། ཤིང་འབྲས། ཤ་མོ་བཅས་ཐོན་སྐྱེད་འཕྲུལ་ཆས་ཁྲི་6.75ཁ་གསབ་བྱས་ནས་ཉོ་སྒྲུབ་བྱས་ཡོད།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཞིང་ལས་དང་གྲོང་གསེབ་པུའུ་ནས་ཤེས་རྟོགས་བྱུང་བར། ད་ལོ་ཚུན་དུ་རིམ་ཁག་ཞིང་ལས་དང་གྲོང་གསེབ་སྡེ་ཚན་དང་ནོར་སྲིད་སྡེ་ཚན་གྱིས་ཞིང་འཕྲུལ་ཉོ་སྒྲུབ་ཀྱི་ཁ་གསབ་སྲིད་ཇུས་ལག་བསྟར་བྱེད་མགྱོགས་སུ་བཏང་བ་དང་ཞིང་པས་འཕྲུལ་ཆས་ཉོ་བ་དང་འཕྲུལ་ཆས་སྤྱོད་པར་རྒྱབ་སྐྱོར་ཤུགས་ཆེན་བྱས་ཏེ་དཔྱིད་རྨོད་དང“དབྱར་གསུམ”གྱི་ཞིང་ལས་ཐོན་སྐྱེད་དང་དབུལ་སྒྲོལ་འགག་སྒྲོལ་གྱི་རྒྱལ་ཁ་ཕུ་ཐག་གཅོད་པར་འཕྲུལ་ཆས་ཅན་གྱི་འདེགས་སྐྱོར་ཤུགས་ཆེན་མཁོ་འདོན་བྱས་ཡོད། ཟླ་7ཚེས་31ཉིན་བར་རྒྱལ་ཡོངས་སུ་ཀྲུང་དབྱང་ནོར་སྲིད་ཀྱི་ཞིང་འཕྲུལ་ཉོ་སྒྲུབ་ཁ་གསབ་མ་དངུལ་སྒོར་དུང་ཕྱུར་114.8སྤྲད་པ་དང་གཤམ་སྤྲོད་བྱེད་ཚད་67.5%ཟིན་པ་དང་། ཞིང་དུད་ཁྲི་121ལ་ཞིང་ལས་འཕྲུལ་ཆས་སྣ་ཚོགས་ཁྲི་141ཁ་གསབ་ཉོ་སྒྲུབ་ལ་རྒྱབ་སྐྱོར་བྱས་པ་མ་ཟད། ཁ་གསབ་ཀྱི་ཁྱབ་ཁོངས་དང་རེ་ཞུའི་ཐད་བཀྲག་མདངས་འཚེར་ས་མི་ཉུང་བ་ཞིག་ཡོད་པ་རེད།

འབྲུ་རིགས་དང་ཕག་པ་སོགས་ཞིང་ལས་ཐོན་རྫས་གལ་ཆེན་ཐོན་སྐྱེད་དང་གསོ་ཚགས་ལ་རྒྱབ་སྐྱོར་བྱས་ཤིང་། ཁ་གསབ་ཉོ་སྒྲུབ་བྱས་པའི་ཞིང་ལས་འཕྲུལ་ཆས་སྣ་ཚོགས་ཁྲོད་འདྲུད་འཐེན་འཕྲུལ་འཁོར་ཁྲི་19.57དང་། ས་ཞིང་འདེབས་པ་དང་ས་ཁོད་སྙོམས་པའི་འཕྲུལ་ཆས་ཁྲི་48.43 སོན་འདེབས་འཕྲུལ་འཁོར་ཁྲི་8.72 ཆུ་འབྲས་འདེབས་འཛུགས་འཕྲུལ་ཆས་ཁྲི་4.73 ལོ་ཏོག་བརྔ་བསྡུ་འཕྲུལ་ཆས་ཁྲི་3.39བཅས་ཡོད་པ་དང་། སྔ་སྨིན་འབྲས་དང་གྲོ་སོགས་འབྲུ་རིགས་འཕྲུལ་ཆས་ཅན་ལ་བརྟེན་ནས་ཐོན་སྐྱེད་བྱ་རྒྱུར་སྐུལ་འདེད་ནུས་ལྡན་བཏང་ཡོད། ཞིང་ཆེན་ཁག་གིས་བླང་བྱ་གཞིར་བཟུང་། ཕག་པ་གསོ་ཚགས་དང་འབྲེལ་བའི་རང་འགུལ་ཕག་ལྟོ་སྟེར་ཆས་དང་ཁོར་ཡུག་ཚོད་འཛིན་སོགས་ཀྱི་འཕྲུལ་ཆས་དང་སྒྲིག་ཆས་ཚང་མ་ཁ་གསབ་ཀྱི་ཁྱབ་ཁོངས་ནང་བཅུག་སྟེ་རྒྱལ་ཡོངས་སུ་ཕག་པ་གསོ་ཚགས་དང་འབྲེལ་བ་ཡོད་པའི་འཕྲུལ་ཆས་ཁྲི་5.86ཁ་གསབ་ཉོ་སྒྲུབ་བྱས་ཏེ་ཕག་པའི་ཐོན་ནུས་སླར་གསོ་ཡོང་བར་རམ་འདེགས་བྱས་ཡོད།

ས་ཁུལ་དབུལ་པོའི་ཁྱད་ལྡན་ཐོན་ལས་འཕྲུལ་ཆས་ཅན་གྱི་འཕེལ་རྒྱས་ཡོང་བར་རྒྱབ་སྐྱོར་བྱས་ཤིང་། འདི་ལོ་རང་རྒྱལ་གྱིས་ཇ་ལོ་བདམས་གསེས་འཕྲུལ་ཆས་དང་། འབྲས་ཤིང་ཡལ་བཞུར་རྒྱག་པའི་འཕྲུལ་ཆས། ཤ་མོ་ཤེལ་དམ(འགྱིག་ཤོག)ནང་བླུགས་བྱེད་འཕྲུལ་ཆས་སོགས་རིགས་7རྒྱལ་ཡོངས་ཞིང་འཕྲུལ་ཉོ་སྒྲུབ་ཁ་གསབ་འཕྲུལ་ཆས་རིགས་ཀྱི་ཁྱབ་ཁོངས་སུ་བཅུག་སྟེ་ཞིང་འཕྲུལ་ཐོན་རྫས་གསར་པ་ཉོ་སྒྲུབ་ཀྱི་ཁ་གསབ་ཚོད་ལྟ་སོགས་རོགས་སྐྱོར་བྱ་ཐབས་ས་ཁུལ་དབུལ་པོར་ཡོངས་སུ་ཁྱབ་རྒྱུར་སྐུལ་འདེད་བཏང་ཡོད། ལོ་སྟོད་དུ་རྒྱལ་ཡོངས་སུ་ཇ་ལོ་དང་། ཤིང་འབྲས། ཤ་མོ་བཅས་ཐོན་སྐྱེད་འཕྲུལ་ཆས་ཁྲི་6.75ཁ་གསབ་བྱས་ནས་ཉོ་སྒྲུབ་བྱས་ཡོད།

ཞིང་པས་ཁ་གསབ་ཀྱི་འགྲོ་ལུགས་གཉེར་བར་དེ་བས་སྟབས་བདེ་སྐྲུན་ཆེད། འདི་ལོ་ཞིང་ལས་དང་གྲོང་གསེབ་སྡེ་ཚན་གྱིས་ལོ་གོང་མ་ལས་ཟླ་བ་གཉིས་ཀྱི་སྔོན་དུ་ཞིང་འཕྲུལ་ཉོ་སྒྲུབ་ཀྱི་ཁ་གསབ་དོ་དམ་མ་ལག་ཤར་གཏོང་བྱས་པ་དང་། རྒྱལ་ཡོངས་སུ་ཞིང་འཕྲུལ་ཉོ་སྒྲུབ་ཁ་གསབ་ཐོན་རྫས་དྲ་རྒྱའི་ཐོག་འདོན་པའི་ལས་སྟེགས་ཁྱོན་ཡོངས་ནས་སྤྱོད་འགོ་བཙུགས་ཏེ་ཞིང་ལས་འཕྲུལ་ཆས་ཐོན་སྐྱེད་ཁེ་ལས་ཀྱིས་ལས་སྟེགས་ཐོག་ནས་ཞིང་ཆེན་ཡོངས་ལ་ཞིང་འཕྲུལ་ཁ་གསབ་ཀྱི་ཆ་འཕྲིན་བཏོན་ཆོག་པའི་འགན་ལེན་བྱས་ནས། དྲ་ཐོག་ནས་ཚང་མ་སྒྲུབ་ཐུབ་སྟེ་ལས་ཕྱོད་ཆེ་རུ་ཤུགས་ཆེན་ཕྱིན་ཡོད། གཞན་ཡང་ཁ་གསབ་ཀྱི་རེ་ཞུར་ལོ་ལྟར་རྒྱུན་མཐུད་བདག་སྤྲོད་བྱས་ཏེ་ཁ་གསབ་འདུན་ཞུ་བདག་སྤྲོད་དང་མ་དངུལ་སྤྲོད་པའི་སྒྲུབ་གཉེར་དུས་བཀག་གཏན་འབེབས་བཟོས་ནས་ཁ་གསབ་གྲས་སུ་ཚུད་པའི་ཆ་འཕྲིན་ཡོངས་བསྒྲགས་ཀྱི་དུས་ཚོད་ཉིན་20བར་ཉུང་དུ་བཏང་སྟེ་ཁ་གསབ་སྒྲུབ་གཉེར་གྱི་དུས་ཚོད་གྲོན་ཆུང་དང་ལས་ཕྱོད་སྔར་བས་ཆེ་རུ་བཏང་ཡོད།

ཤེས་རྟོགས་བྱུང་བར་གཞིགས་ན། ལོ་སྟོད་དུ་རྒྱལ་ཡོངས་སུ་ལག་ཐོགས་ཁ་པར་གྱི་APPབརྒྱུད་ནས་ཁ་གསབ་རེ་ཞུ་བྱེད་མཁན་35%ལྷག་ཟིན་པའི་ཁྲོད་པེ་ཅིང་དང་། ཀྲེ་ཅང་། ཆིང་ཏའོ་བཅས་སུ་99%ལས་བརྒལ་ཡོད། སྲིད་ཇུས་ལག་ལེན་བསྟར་མགྱོགས་པ་དང་། ཁ་གསབ་རེ་ཞུ་བྱེད་བདེ་བ། དཔྱད་ཞིབ་དངུལ་སྤྲོད་མགྱོགས་པ་སོགས་ལས་ས་ཁུལ་ཁག་གི་འཕེལ་རིམ་ཡང་ཡོངས་ཁྱབ་ངང་མགྱོགས་སུ་ཕྱིན་ཏེ་ཞིང་ཆེན་24རུ་60%ལས་བརྒལ་བ་དང་ཞིང་ཆེན་8དུ་90%ལས་བརྒལ་བའི་ཁྲོད་ཧེ་ལུང་ཅང་དང་ཤིན་ཅང་སོགས་ས་ཁུལ་གྱི་ཁ་གསབ་མ་དངུལ་ཚང་མ་དོན་འཁྱོལ་བྱུང་ཡོད་པ་རེད།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།