ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡིས་ཚོགས་འདུ་བསྡུས་ཏེ་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པ་འཚོགས་རྒྱུའི་ཐག་བཅད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-07-31
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡིས་ཟླ་བདུན་པའི་ཚེས་སུམ་ཅུ་ཉིན་ཚོགས་འདུ་བསྡུས་ཏེ། ད་ལོའི་ཟླ་བཅུ་པར་པེ་ཅིང་ནས་ཀྲུང་གོ་གུང་ཁྲན་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པ་བསྡུ་རྒྱུའི་ཐག་བཅད། གྲོས་ཚོགས་དེའི་གྲོས་རིམ་གཙོ་བོ་ནི། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡིས་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་ལ་བྱ་བའི་སྙན་ཞུ་འབུལ་རྒྱུ་དང་། རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལོ་ལྔའི་འཆར་གཞི་བཅུ་བཞི་པ་དང་ཉིས་སྟོང་སོ་ལྔ་ལོའི་ཕུགས་ཡུན་དམིགས་འབེན་གཏན་འབེབས་བྱེད་པའི་གྲོས་གཞི་ལ་ཞིབ་འཇུག་བྱ་རྒྱུ་དེ་རེད། ཚོགས་འདུའི་སྟེང་དེང་སྐབས་ཀྱི་དཔལ་འབྱོར་གནས་བབ་ལ་དབྱེ་ཞིབ་ཞིབ་འཇུག་བྱས་པ་དང་། ལོ་སྨད་ཀྱི་དཔལ་འབྱོར་བྱ་བར་བཀོད་སྒྲིག་བྱས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཚོགས་འདུར་འགོ་འཛིན་མཛད།

ཚོགས་འདུའི་སྟེང་བལྟས་ན། ལོ་ལྔའི་འཆར་གཞི་བཅུ་བཞི་པའི་དུས་སྐབས་ནི་རང་རྒྱལ་གྱིས་འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་བསྐྲུན་པ་དང་བརྒྱ་ལོ་དང་པོའི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱས་རྗེས། བབ་བསྟུན་མདུན་སྐྱོད་ཀྱིས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་བགྲོད་ལམ་གསར་པ་འབྱེད་པ་དང་། བརྒྱ་ལོ་གཉིས་པའི་འབད་འཐབ་དམིགས་འབེན་ཕྱོགས་སུ་མདུན་སྐྱོད་བྱེད་པའི་སྐོར་དང་པོའི་ལོ་ལྔ་ཡིན། དེང་སྐབས་དང་རྗེས་ཕྱོགས་ཀྱི་དུས་སྐབས་ཤིག་ལ། རང་རྒྱལ་གྱི་འཕེལ་རྒྱས་དེ་སྔར་བཞིན་འཐབ་ཇུས་གོ་སྐབས་ཀྱི་དུས་སུ་གནས་ངེས་མོད། ཡིན་ནའང་གོ་སྐབས་དང་འགྲན་རྩོད་ལ་འཕེལ་རྒྱས་དང་འགྱུར་ལྡོག་གསར་པ་འབྱུང་ངེས། དེང་སྐབས་ཀྱི་འཛམ་གླིང་ལོ་བརྒྱའི་རིང་བྱུང་མ་མྱོང་བའི་འགྱུར་ལྡོག་ཆེན་པོ་དང་འཕྲད་ཡོད་ལ། ཞི་བདེ་དང་འཕེལ་རྒྱས་ནི་སྔར་བཞིན་དུས་རབས་ཀྱི་བརྗོད་གཞི་གཙོ་བོ་ཡིན། དེ་དང་མཉམ་དུ་འཕེལ་རྒྱས་དོ་མི་མཉམ་པ་དང་ཕུན་སུམ་མི་ཚོགས་པའི་གནད་དོན་སྔར་བཞིན་འབུར་ཐོན་ཡིན་པས། རང་རྒྱལ་གྱི་སྤྱི་ཚོགས་འགལ་བ་གཙོ་བོའི་འཕེལ་རྒྱས་འགྱུར་ལྡོག་ལས་བྱུང་བའི་ཁྱད་ཆོས་གསར་པ་དང་བླང་བྱ་གསར་པར་ངོས་འཛིན་ཟབ་མོ་བྱས་ཏེ། གོ་སྐབས་འདུ་ཤེས་དང་ཉེན་ཁའི་འདུ་ཤེས་ཇེ་དྲག་ཏུ་གཏོང་བ་དང་། འཕེལ་རྒྱས་ཀྱི་ཆོས་ཉིད་ཁོང་དུ་ཆུད་པར་བྱེད་པ། འཐབ་རྩོད་ཀྱི་སྙིང་སྟོབས་དར་སྤེལ་བྱེད་པ། ཉེན་ཚབས་ཁྲོད་ནས་གོ་སྐབས་གསར་པ་འཚོལ་མཁས་པར་བྱེད་པ། འགྱུར་ལྡོག་ཁྲོད་ནས་གནས་བབ་གསར་པ་འབྱེད་པ་བཅས་བྱས་ཏེ། གོ་སྐབས་དམ་འཛིན་དང་འགྲན་རྩོད་ལན་སློག ཕན་གཉེར་གནོད་གཡོལ། ཞུམ་མེད་མདུན་སྐྱོད་བཅས་བྱེད་དགོས་པར་འདོད།

ཚོགས་འདུའི་སྟེང་ནན་གྱིས་བསྟན་དོན། ལོ་ལྔའི་འཆར་གཞི་བཅུ་བཞི་པའི་དུས་སྐབས་སུ་རང་རྒྱལ་གྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ན། ངེས་པར་དུ་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་མཐོན་པོར་བསྒྲེང་བ་དང་། ཏང་གི་ཚོགས་ཆེན་བཅུ་དགུ་པ་དང་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་གསུམ་པ། བཞི་པ་བཅས་ཀྱི་དགོངས་དོན་ལག་བསྟར་ཟབ་མོ་བྱེད་པ། མར་ཁེ་སི་ལེ་ཉིན་རིང་ལུགས་དང་། མའོ་ཙེ་ཏུང་དགོངས་པ། ཏིན་ཞའོ་ཕིང་གཞུང་ལུགས། མཚོན་བྱེད་གསུམ་གྱི་དགོངས་པ་གལ་ཆེན། ཚན་རིག་གི་འཕེལ་རྒྱས་ལྟ་བ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་བཅས་མཛུབ་སྟོན་དུ་འཛིན་རྒྱུ་རྒྱུན་འཁྱོངས་བྱས་ནས། ཏང་གི་གཞི་རྩའི་གཞུང་ལུགས་དང་གཞི་རྩའི་ལམ་ཕྱོགས། གཞི་རྩའི་ཐབས་ཇུས་བཅས་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ་དང་། འཕེལ་རྒྱས་གསར་པའི་འདུ་ཤེས་རྒྱུན་འཁྱོངས་ལྷོད་མེད་བྱེད་པ། འཕེལ་རྒྱས་དང་བདེ་འཇགས་ལ་གཅིག་གྱུར་བཀོད་སྒྲིག་བྱེད་པ། རྒྱལ་ཁབ་ཀྱི་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་བསྒྱུར་བ། དཔལ་འབྱོར་བརྟན་བརླིང་ཡུན་འཕེལ་དང་སྤྱི་ཚོགས་གཏན་འཇགས་འཆམ་མཐུན་ཡོང་བར་བྱས་ཏེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་འགོ་བཟང་བོ་རྩོམ་དགོས།

ཚོགས་འདུའི་སྟེང་ནན་གྱིས་བསྟན་དོན། ལོ་ལྔའི་འཆར་གཞི་བཅུ་བཞི་པའི་དུས་སྐབས་ཀྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ན། ངེས་པར་དུ་ཏང་གིས་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་འགོ་ཁྲིད་པའི་སྒྲིག་སྲོལ་རྐྱེན་སྲོལ་རྒྱུན་འཁྱོངས་དང་འཐུས་ཚང་དུ་བཏང་ནས། སྤུས་ཚད་མཐོན་པོའི་འཕེལ་རྒྱས་མངོན་འགྱུར་བྱེད་པར་རྩ་བའི་ཁག་ཐེག་འདོན་སྤྲོད་བྱེད་དགོས། ངེས་པར་དུ་དུས་ནམ་ཡང་འཕེལ་རྒྱས་ནི་མི་དམངས་ཀྱི་ཆེད་དུ་ཡིན་པ་དང་། འཕེལ་རྒྱས་མི་དམངས་ལ་བརྟེན་པ། འཕེལ་རྒྱས་ཀྱི་གྲུབ་འབྲས་མི་དམངས་ཀྱིས་མཉམ་སྤྱོད་བྱེད་པ་བཅས་བྱས་ཏེ། མི་དམངས་ཀྱིས་མཛེས་སྡུག་གི་འཚོ་བར་བཅངས་པའི་རེ་འདོད་རྒྱུན་ཆད་མེད་པར་མངོན་འགྱུར་བྱེད་དགོས། ངེས་པར་དུ་འཕེལ་རྒྱས་གསར་པའི་འདུ་ཤེས་དེ་འཕེལ་རྒྱས་ཀྱི་བརྒྱུད་རིམ་ཡོངས་དང་ཁྱབ་ཁོངས་སོ་སོར་སྦྲེལ་ནས། སྔར་ལས་སྤུས་ཚད་མཐོ་བ་དང་། སྔར་ལས་ཕན་འབྲས་ཡོད་པ། སྔར་ལས་འདྲ་མཉམ་ཡིན་པ། སྔར་ལས་རྒྱུན་སྲིང་ཡིན་པ། སྔར་ལས་བདེ་འཇགས་ཡིན་པ་བཅས་ཀྱི་འཕེལ་རྒྱས་མངོན་འགྱུར་བྱེད་དགོས། ངེས་པར་དུ་བློ་བརྟན་འགྱུར་ཀྱིས་བཅོས་སྒྱུར་བྱེད་པ་དང་མུ་མཐུད་དུ་སྒོ་འབྱེད་རྒྱ་བསྐྱེད་དེ། འཕེལ་རྒྱས་ཀྱི་སྒུལ་ཤུགས་དང་གསོན་ཤུགས་བསྟུད་མར་ཇེ་ཆེར་གཏོང་དགོས། ངེས་པར་དུ་སྔོན་དཔག་རང་བཞིན་གྱི་བསམ་བློ་དང་ཁྱོན་ཡོངས་རང་བཞིན་གྱི་ཇུས་འགོད། འཐབ་ཇུས་རང་བཞིན་གྱི་བཀོད་སྒྲིག སྤྱི་ཡོངས་རང་བཞིན་གྱི་སྐུལ་སྤེལ་བཅས་ལ་ཤུགས་བསྣན་ནས། འཕེལ་རྒྱས་ཀྱི་གཞི་ཁྱོན་དང་མྱུར་ཚད། སྤུས་ཚད། སྒྲིག་གཞི། ཕན་འབྲས། བདེ་འཇགས་བཅས་གཅིག་གྱུར་ཡོང་བར་བྱེད་དགོས།

ཚོགས་འདུའི་སྟེང་ནན་གྱིས་བསྟན་དོན། ད་ལོར། པྲོག་གསར་གློ་ཚད་རིམས་ནད་ཀྱི་གནོད་པ་ཆེན་པོའི་འོག་ཏུ། ང་ཚོས་མི་དམངས་ཀྱི་ཚེ་སྲོག་བདེ་འཇགས་དང་ལུས་ཕུང་བདེ་ཐང་ཨང་དང་པོར་བཞག་སྟེ། ཆེ་ཕྱོགས་སྲིད་ཇུས་ཀྱིས་ཁ་གཏད་འཇལ་ཤུགས་ཇེ་ཆེར་བཏང་བ་དང་། གཏན་འཇགས་དྲུག་གི་བྱ་བ་ཏན་ཏིག་གིས་བཟང་པོར་བསྒྲུབས་ལ། འགན་སྲུང་དྲུག་གི་ལས་འགན་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ཏེ། རིམས་ནད་འགོག་སྡོམ་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་བྱ་བར་གཅིག་གྱུར་བཀོད་སྒྲིག་བྱས་པར་ཕན་འབྲས་གལ་ཆེན་ཐོབ་ཡོད། དེ་ལས་ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་ཡང་དག་ཡིན་པ་དང་། ཏང་གི་འགོ་ཁྲིད་བརྟན་ཞིང་ནུས་ཤུགས་ལྡན་ལ། རང་རྒྱལ་གྱི་དཔལ་འབྱོར་མཉེན་ཆ་ཆེ་བ། ཀྲུང་གོའི་མི་དམངས་ལ་གསར་གཏོད་ནུས་ཤུགས་རླབས་པོ་ཆེ་མངའ་བ། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལམ་ལུགས་ལ་ཚེ་སྲོག་གི་སྟོབས་ཆེན་པོ་ལྡན་པ་བཅས་མངོན་པར་མཚོན་ཡོད།

ཚོགས་འདུའི་སྟེང་བསྟན་དོན། དེང་སྐབས་ཀྱི་དཔལ་འབྱོར་གནས་བབ་སྔར་བཞིན་རྙོག་འཛིང་ཆེ་ལ། གཏན་འཇགས་མིན་པ་དང་ངེས་གཏན་མེད་པའི་རང་བཞིན་ཅུང་ཆེ་བ་དང་། ང་ཚོ་འཕྲད་པའི་གནད་དོན་མང་པོ་ནི་དུས་ཡུན་རིང་འབྲིང་གི་གནད་དོན་ཡིན་པས། ངེས་པར་དུ་ཡུན་རིང་འབད་བརྩོན་བྱེད་པའི་ཐད་ནས་དེར་གོ་བ་ལེན་དགོས་ལ། རྒྱལ་ནང་གི་འཁོར་སྐྱོད་ཆེན་པོ་གཙོ་གཞི་ཡིན་ཞིང་། རྒྱལ་ནང་དང་རྒྱལ་སྤྱིའི་འཁོར་སྐྱོད་གཉིས་ཀྱིས་ཕན་ཚུན་ཡར་སྐུལ་བྱེད་པའི་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་མྱུར་དུ་ཆགས་པར་བྱེད་པ་དང་། རིམས་ནད་འགོག་སྡོམ་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་བྱ་བའི་དུས་ཡུན་རིང་འབྲིང་གི་མཐུན་སྦྱོར་རྐྱེན་སྲོལ་འཛུགས་པ། གྲུབ་ཚུལ་ལེགས་སྒྲིག་གི་འཐབ་ཇུས་ཁ་ཕྱོགས་རྒྱུན་འཁྱོངས་བྱེད་པ། ཚན་རྩལ་གསར་གཏོད་ལ་མང་ཙམ་བརྟེན་པ། ཆེ་ཕྱོགས་སྙོམ་སྒྲིག་གི་དུས་འཁོར་བརྒལ་བའི་ཇུས་འགོད་དང་ལེགས་སྒྲིག་འཐུས་ཚང་དུ་གཏོང་བ་བཅས་བྱས་ཏེ། འཕར་སྣོན་བརྟན་པ་དང་ཉེན་ཁ་འགོག་པ་གཉིས་ཡུན་རིང་དོ་མཉམ་ཡོང་བར་བྱེད་དགོས།

ཚོགས་འདུའི་སྟེང་ནན་གྱིས་བསྟན་དོན། ལོ་སྨད་ཀྱི་དཔལ་འབྱོར་བྱ་བ་བཟང་བོར་བསྒྲུབ་ན། གཏན་འཇགས་ཁྲོད་ནས་གོང་འཕེལ་ལ་བརྩོན་པའི་བྱ་བའི་སྤྱིའི་དགོངས་གཞི་རྒྱུན་འཁྱོངས་དང་། འཕེལ་རྒྱས་གསར་པའི་འདུ་ཤེས་རྒྱུན་འཁྱོངས་བྱས་ཏེ། རིམས་ནད་འགོག་སྡོམ་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་བྱ་བར་གཅིག་གྱུར་བཀོད་སྒྲིག་སྔར་ལས་བཟང་པོ་བྱེད་པ་དང་། འདོན་སྤྲོད་ཕྱོགས་ཀྱི་སྒྲིག་གཞི་རང་བཞིན་གྱི་བཅོས་སྒྱུར་གཙོ་ཐིག་ཏུ་འཛིན་རྒྱུ་རྒྱུན་འཁྱོངས་དང་། བཅོས་སྒྱུར་སྒོ་འབྱེད་ཟབ་མོ་བྱེད་རྒྱུ་རྒྱུན་འཁྱོངས་ཀྱིས་ནང་མཁོ་རྒྱ་བསྐྱེད་པའི་འཐབ་ཇུས་ཀྱི་གཞི་སྣེ་འདི་དམ་པོར་འཛིན་པ་དང་། ཁྲོམ་རའི་གཙོ་གཞིའི་གསོན་ཤུགས་ལ་སྲུང་སྐྱོབ་དང་ཡར་སྐྱེད་ཆེན་པོ་བྱེད་པ། གཏན་འཇགས་དྲུག་གི་བྱ་བ་ཏན་ཏིག་གིས་བཟང་པོར་བསྒྲུབ་པ། འགན་སྲུང་དྲུག་གི་ལས་འགན་ཕྱོགས་ཡོངས་ནས་དོན་འཁྱོལ་བྱེད་པ། དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། སྤྱི་ཚོགས་གཏན་འཇགས་ཀྱི་ཆེ་ཕྱོགས་ལ་སྲུང་སྐྱོབ་བྱེད་པ་བཅས་བྱས་ཏེ། ལོ་ཧྲིལ་བོའི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་དམིགས་འབེན་དང་ལས་འགན་ཧུར་ཐག་གིས་ཡོངས་འགྲུབ་བྱེད་དགོས།

ཚོགས་འདུའི་སྟེང་དོན་དག་གཞན་པར་ཞིབ་འཇུག་བྱས།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།