ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་དབྱང་ནོར་སྲིད་ཀྱིས་མ་དངུལ་གཏོང་ཤུགས་ཆེ་རུ་བཏང་ནས་གྲོང་གསེབ་ཀྱི་སྡོད་མལ་ཁོར་ཡུག་བཅོས་སྒྲིག་ལ་རྒྱབ་སྐྱོར་བྱ་རྒྱུ་རེད།

ཡོང་ཁུངས། : མི་དམངས་དྲ་བ།     སྤེལ་དུས། : 2020-07-27
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། གྲོང་གསེབ་ཀྱི་སྡོད་མལ་ཁོར་ཡུག་བཅོས་སྒྲིག་ལ་ཤུགས་སྣོན་རྒྱག་ཆེད། འདི་ལོ་ཀྲུང་དབྱང་གིས་མ་དངུལ་སྒོར་དུང་ཕྱུར་74བཀོད་སྒྲིག་བྱས་ནས་གྲོང་གསེབ་ཀྱི་གསང་སྤྱོད་གསར་བརྗེ་གྲོང་ཚོ་ཡོངས་རྫོགས་ལ་སྐུལ་འདེད་གཏོང་བར་རྒྱབ་སྐྱོར་བྱ་རྒྱུ་ཡིན་ཞིང་། ཀྲུང་དབྱང་གི་སྔོན་རྩིས་ནང་མ་དངུལ་སྒོར་དུང་ཕྱུར30བཏང་ནས་གྲོང་གསེབ་ཀྱི་སྡོད་མལ་ཁོར་ཡུག་བཅོས་སྒྲིག་རྫོང་ཡོངས་རྫོགས་ལ་སྐུལ་འདེད་གཏོང་བར་རྒྱབ་སྐྱོར་བྱ་རྒྱུ་མ་ཟད། ཀྲུང་དབྱང་ནོར་སྲིད་ཀྱིས་ད་དུང་སྒོར་དུང་ཕྱུར4བཏང་ནས་བཅོས་སྒྲིག་གྲུབ་འབྲས་མངོན་གསལ་དོད་པའི་ས་ཁུལ་ལ་སྐུལ་ལྕག་བྱ་རྒྱུ་ཡིན་པ་རེད།

འདི་ནི་གསར་འགོད་པར་ཚེས24ཉིན་ཞིང་ལས་དང་གྲོང་གསེབ་པུའུ་ནས་ཤེས་རྟོགས་བྱུང་བའི་གནས་ཚུལ་ཡིན། 2020ལོ་ནི་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་ལོ་ཞིག་ཡིན་ལ་གྲོང་གསེབ་ཀྱི་སྡོད་མལ་ཁོར་ཡུག་བཅོས་སྒྲིག་གི་ལོ་གསུམ་གྱི་བྱ་སྤྱོད་འཆར་གཞིའི་མཇུག་བསྡུའི་ལོ་ཞིག་ཀྱང་ཡིན།

ཤེས་རྟོགས་བྱས་པར་གཞིགས་ན། འདི་ལོ་ཞིང་ལས་དང་གྲོང་གསེབ་པུས་སྟོབས་ཤུགས་གཅིག་ཏུ་བསྒྲིལ་ནས་གྲོང་གསེབ་ཀྱི་སྡོད་ལམ་ཁོར་ཡུག་བཅོས་སྒྲིག་ལས་དོན་ལ་དམ་འཛིན་བྱས་ཏེ་བཀོད་སྒྲིག་སྐུལ་འདེད་དང་། ལྟ་སྐུལ་བཅོས་སྒྲིག ལག་རྩལ་ཞབས་ཞུ་བཅས་ལ་ཤུགས་སྣོན་རྒྱག་རྒྱུ་དང་། སྡེ་ཚན་གྱི་བཞུགས་མོལ་ཚོགས་འདུ་དང་གྲོང་ཚོའི་གཙང་སྦྲའི་བྱ་སྤྱོད་ཀྱི་དཔྱིད་དུས་གཡུལ་འགྱེད་བརྙན་ལམ་ཚོགས་འདུ་འཚོགས་ནས་ཞིང་ཆེན་རེ་རེ་བཞིན་ལ་བརྙན་ལམ་བཀོད་གཏོང་བྱས་ཏེ་ཟླ་རེར་གཙོ་གནད་ས་ཁུལ་གྱི་གསང་སྤྱོད་སྒྱུར་བཀོད་འཕེལ་རིམ་གྱི་གནས་ཚུལ་བརྡ་ཁྱབ་བཏང་བ་རེད། ལོ་སྟོད་དུ་རྒྱལ་ཡོངས་ཀྱི་རྫོང་རིགས་དང་པོ་དང་གཉིས་པས་གྲོང་གསེབ་ཀྱི་ཞིང་དུད་གསང་སྤྱོད་ཁྲི300ཙམ་བསྒྱུར་བཀོད་བྱས་ནས་དུས་ཚོད་ཕྱེད་ཀའི་ནང་ལས་འགན་ཕྱེད་ཀ་ལྷག་ཙམ་ལེགས་སྒྲུབ་བྱས་པ་རེད།

ན་ནིང་ལོ་མཇུག་ཏུ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་གྲོང་གསེབ་ཀྱི་སྡོད་མལ་ཁོར་ཡུག་བཅོས་སྒྲིག་གི་ཞིབ་བཤེར་ཆེ་མོའི་ཁྲོད་ཤེས་རྟོགས་བྱུང་བའི་གནད་དོན་ལ་དམིགས་ཏེ། ཞིང་ལས་དང་གྲོང་གསེབ་པུས་བརྡ་ཐོ་བཀྲམ་ནས་ས་གནས་ཁག་ལ་གནད་དོན་གྱི་གྲལ་བཤེར་དང་དག་ཐེར་ལ་དམ་འཛིན་ཡག་པོ་བྱ་རྒྱུའི་སྐུལ་འདེད་བཏང་བ་དང་། གྲོང་གསེབ་ཀྱི་སྡོད་མལ་ཁོར་ཡུག་གི་གནད་དོན་དེ་མ་ཉིད་དུ་ཐོ་འགོད་བྱས་ནས་གྲོང་གསེབ་ཀྱི་སྡོད་མལ་ཁོར་ཡུག་གི་གནད་དོན་དང་གྲོས་འགོ་བསྡུ་རུབ་ཀྱི་ཆེད་དོན་ལས་དོན་སྤེལ་འགོ་ཚུགས་ཏེ་གནད་དོན་གྱི་ཁུངས་སྣེ་ས་ཁུལ་ལ་དུས་ཐོག་ཏུ་ཞིབ་བསྡུར་དང་དག་ཐེར་བྱ་རྒྱུར་བསྐྱལ་བ་རེད།

དེ་དང་ཆབས་ཅིག་སྒྲིག་གཞི་སྒྲིག་འཛུགས་བྱས་ནས་གྲོང་གསེབ་ཀྱི་ཞིང་དུད་གསང་སྤྱོད་སྒྱུར་བཀོད་ཐད་འོས་སྦྱོར་རང་བཞིན་གྱི་རྒྱལ་ཁབ་ཀྱི་ཚད་གཞི་3བཟོས་ཏེ་གྲོང་གསེབ་གསང་སྤྱོད་ཀྱི་བཤང་གཅི་སྤྱི་གནོད་མེད་པའི་ངང་ཐག་གཅོད་དང་། ཐོན་ཁུངས་ཅན་གྱི་སྒོ་ནས་སྤྱོད་པའི་ཕྱོགས་སྟོན། དཔེ་མཚོན་གྱི་རྣམ་པ་བཅས་ཁྱབ་བསྒྲགས་བྱས་པ་དང་གྲོང་གསེབ་ཀྱི་གསང་སྤྱོད་སྒྱུར་བཀོད་ལག་རྩལ་གྱི་བློ་འདྲིའི་སྟེགས་བུ་བཙུགས་ནས་དྲ་ཐོག་ནས་ཞབས་ཞུ་དང་ཡུལ་དངོས་སུ་ཁྲིད་སྟོན་བྱས་པ་རེད།

ཚེས་24ཉིན་ཅང་སུའུ་ཞུས་ཀྲོའུ་རུ་འཚོགས་པའི་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་ཞན་ཆ་གསབ་པ་དང་གྲོང་གསེབ་ཀྱི་སྡོད་ལམ་ཁོར་ཡུག་བཅོས་སྒྲིག་ལས་དོན་གྱི་སྐུལ་སྤེལ་ཚོགས་འདུའི་ཐོག་ཞིང་ལས་དང་གྲོང་གསེབ་པུའི་པུའུ་ཀྲང་ཧན་ཁྲང་ཧྥུའུ་ཡིས། རིམས་ནད་ཀྱི་ཤུགས་རྐྱེན་ཐེབས་པའི་དབང་གིས་ས་གནས་ཁག་གཅིག་གི་ལོ་སྟོད་ལས་ཀའི་ལས་ཆོད་འགོར་ཙམ་ཡོད་པས་ས་གནས་ཁག་གིས་དུས་ཚོད་དམ་འཛིན་གྱིས་བྱ་སྤྱོད་སྤེལ་ནས་དབྱར་སྟོན་དུས་ཚིགས་ཀྱི་ཨར་སྐྲུན་དུས་ཚོད་ཡག་ཤོས་དམ་འཛིན་བྱས་ཏེ་གྲོང་གསེབ་ཀྱི་གསང་སྤྱོད་སྒྱུར་བཀོད་དང་འཚོ་བའི་གད་སྙིགས་དང་བཙོག་ཆུ་བཅོས་སྒྲིག་གི་སྒྲིག་ཆས་འཛུགས་སྐྲུན་ལ་སྐུལ་འདེད་མགྱོགས་མྱུར་བཏང་ནས་གྲོང་ཚོ་གཙང་མའི་བྱ་སྤྱོད་ཕྱོགས་ཡོངས་ནས་སྤེལ་དགོས་ཞེས་བརྗོད་པ་རེད།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།